༉ འདས་པའི་ལོ་ལས་ འགོ་བཙུགས་ཏེ་ ཕྱིའི་ལས་མི་གི་གྱངས་ཁ་ རྒྱ་ཆེ་དྲགས་སྦེ་ར་ ཡར་འཕར་སོང་ནུག།

གནས་སྟངས་དེ་བཟུམ་བྱུང་མི་ལུ་ སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ འབྲུག་པའི་ན་གཞོན་ཚུ་གི་བར་ན་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ འགྱུར་ཡོདཔ་བཞིན་དུ་ ཁོང་རའི་དང་འདོད་དེ་ ཉེན་སྐྱོབ་འབད་ནིའི་དོན་ལས་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ གཞུང་ལུ་ ཞུ་བ་འབདཝ་ཨིན་པས།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་སྙན་ཞུ་༢༠༢༣ དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ཕྱིའི་ལས་མི་གི་ གྱངས་ཁ་ཡར་སེང་སོང་ཡོདཔ་བཞིན་དུ་ ལས་མི་ལས་ཁུངས་ཀྱིས་ ཞུ་ཡིག་༡༣༧,༣༢༤ ཆ་འཇོག་འབད་ནུག།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ ད་ལྟོའི་ གཡོག་བཙུགས་ལག་ལེན་དེ་ ནང་འཁོད་ལས་མི་ཚུ་ལུ་ འདྲ་མཉམ་མིན་འདུག་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ནང་འཁོད་ལས་མི་ཚུ་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ གཞུང་གིས་ མ་རྩ་གཞི་བཙུགས་ སྦོམ་འབད་རུང་ ལཱ་གཡོག་གི་ གོ་སྐབས་འཐོབ་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ད་ ལཱ་གཡོག་མེད་མི་དང་ ཕྱིའི་ལས་མི་ ནང་འདྲེན་ཡར་སེང་སོང་མི་ལུ་བརྟེན་ ལྷག་པར་དུ་ ལཱ་གཡོག་གི་གནས་སྟངས་དེ་ སྐྱོ་དྲགས་བཟོ་དོ་ཡོདཔ་ཨིན་པས།

ན་གཞོན་ཚུ་གིས་ བཀོད་མིའི་ནང་ རྒྱལ་ཁབ་ནང་ ལཱ་གཡོག་མེདཔ་ལས་ ན་གཞོན་ཚུ་ལུ་ སྦྱོང་བརྡར་བྱིན་མི་དང་ སྦྱོང་བརྡར་སྤེལ་ཁང་ཚུ་ གཞི་བཙུགས་འབད་དེ་ དོན་མེད་ཨིན་མས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ དུས་ཐོག་ཁར་ ལྟ་རྟོག་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བསྐྱར་ཞིབ་མ་འབད་མི་དེ་ཡང་ དཀའ་ངལ་སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ རིག་རྩལ་ལྡན་པའི་ལས་མི་ཚུ་ སྣང་མེད་སྦེ་ བཞགཔ་མས་ཟེར་ཨིན་པས།

ལས་མི་ལས་ཁུངས་ཀྱིས་ རྩ་འགེངས་མི་ལུ་ ངོས་ལེན་ཡོད་རུང་ ལཱ་གི་གྲུབ་འབྲས་ ལེགས་ཤོམ་མེདཔ་ལས་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།

 

ད་ལྟོའི་གདོང་ལེན།

ཆུ་དུང་བཅོ་ནི་དང་ ཁྱིམ་ནང་གློག་མེ་བཙུགས་ནི་ལ་སོགས་པའི་ སྦྱོང་བརྡར་མཐར་འཁྱོལ་མི་ ངོ་རྐྱང་སྡེ་ཚན་ཅིག་གིས་ སླབ་མིའི་ནང་ ལོ་ངོ་མང་རབས་ཅིག་ སྦྱོང་བརྡར་འབད་བའི་ཤུལ་ལས་ ལཱ་གཡོག་གི་ གོ་སྐབས་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ ཁོང་ཆ་ཁྱབ་ རིག་རྩལ་མེད་པའི་ ལས་མི་ཅིག་ལུ་ བརྩི་འཇོག་འབད་ཡོདཔ་ མཐོངམ་ཨིན་པས།

གནས་སྟངས་དེ་ རྒྱལ་ཁབ་ནང་ གྱོང་རྒུད་ཕོག་དོ་བཟུམ་མཐོངམ་ཨིན་པས།

ཐིམ་ཕུག་ལུ་སྡོད་མི་ ཆུ་དུང་བཙུགས་མི་ ཉི་མ་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་པའི་ཁག་འབགཔ་དང་ བཟོ་སྐྲུན་གྱི་ ཇོ་བདག་ཚུ་གིས་ ནང་འཁོད་ལས་མི་ཚུ་ བློ་གཏད་མ་ཚུགས་པའི་ གནད་དོན་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།

ཁོང་གིས་ ཁག་འབགཔ་གི་ལཱ་ཚུ་ ནང་འཁོད་ཀྱི་ལས་མི་ཚུ་ལུ་ རིག་རྩལ་ཡོད་རུང་ ཕྱི་ལས་མི་ཡོད་མི་ཚུ་ལུ་ བྱིན་དོ་ཡོདཔ་ཨིན་པས།

རིག་རྩལ་ཡོད་མི་ལས་མི་གཞན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ འབྲུག་པའི་ ཁག་འབགཔ་ཚུ་གིས་ ནང་འཁོད་ལས་མི་ཚུ་ལུ་ གོ་སྐབས་བྱིན་དགོཔ་ད་ གལ་སྲིད་ འབྲུག་པའི་ལས་མི་ཚུ་གིས་ འབད་ཚུགས་པའི་ལཱ་ཚུ་ ཕྱིའི་ལས་མི་ཚུ་ལུ་བྱིན་པ་ཅིན་ མ་བཏུབ་མིན་འདུག་ཟེར་ཨིན་པས།

སྡེ་ཚན་གྱིས་ བཀོད་མིའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ ལས་འགུལ་ཚུ་གི་དོན་ལས་ ནང་འཁོད་ལས་མི་ཚུ་ ལེན་པའི་སྐབས་ གཞུང་གི་འགོ་དཔོན་ཚུ་གིས་ མིག་དཔེ་བཟང་པོ་ཅིག་ བཏོན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

བཟོ་སྐྲུན་གྱི་ ལས་འགུལ་ཚུ་ ཐད་ཀར་དུ་ ཕྱིའི་མི་ལས་ཚུ་ལུ་ བྱིན་པའི་སྐབས་ མིག་དཔེ་ངན་པ་བཙུགས་ཏེ་ ནང་འཁོད་ཀྱི་ ལས་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་མེདཔ་བཟོ་དོ་ཡོདཔ་ཨིན་པས།

སྤུས་ཚད་དང་ཟ་འགྲོ།

རིག་རྩལ་ལྡན་པའི་ འབྲུག་པའི་ལས་མི་ཚུ་གིས་ བཀོད་མིའི་ནང་ ཁག་འབགཔ་ཚུ་གིས་ ཕྱིའི་ལས་མི་ཚུ་ལུ་ ལཱ་གཡོག་བྱིན་མི་དེ་ཡང་ ནང་འཁོད་ལས་མི་ཚུ་ བཙུགས་ནིའི་དོན་ལས་ ཟད་འགྲོ་ལྕི་དྲགས་ནི་དེ་གིས་ཨིན་མས་ཟེར་ཨིན་པས།

གནད་དོན་དེ་ བདེན་པ་ག་དེ་སྦེ་འོང་ག་ སླབ་མི་ཤེས་ནི་ཨིནམ་ད་ གལ་སྲིད་ ལས་འགུལ་དེ་ ཡུན་འགྱངས་ལུས་པ་ཅིན་ ཟད་འགྲོ་དེ་ ཡར་འཕར་འགྱོ་ནི་ཨིནམ་ད་ མ་གཞི་ ཕྱིའི་ལས་མི་ཚུ་ལུ ཟད་འགྲོ་ཉུང་ཤོས་ འགྱོ་དོ་ཡོད་རུང་ ལཱ་ཡུན་འགྱངས་ལུས་དོ་ཡོདཔ་ལས་ ཟད་འགྲོ་ཡར་སོང་འགྱོ་འོང་ཟེར་ཨིན་པས།

ལས་མི་ལ་ལོ་ཅིག་གིས་ ཕྱིའི་ལས་མི་ཚུ་གི་ ལཱ་གི་སྤུས་ཚད་ལུ་ དྲི་བཀོད་མི་དེ་ཡང་ ཁོང་ལུ་ སྦྱོང་བརྡར་ ཡང་ཅིན་ ལག་ཁྱེར་མེད་མི་ལུ་བརྟེན་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ ཕྱིའི་ལས་མི་ཚུ་གིས་ ལཱ་འབད་བའི་ཤུལས་ རང་སོའི་རྒྱལ་ཁབ་འགྱོ་དོ་ཡོདཔ་ལས་ འགན་ཁྲི་ག་ལུ་ བཀལ་ནི་ཨིན་ན་ཟེར་བའི་ དོགས་པ་ཡང་ བཀོད་དོ་ཡོདཔ་ཨིན་པས།

 

ལེགས་བཅོས།

གདོན་ལེན་ཚུ་ སེལ་ཐབས་ལུ་ སྦྱོང་བརྡར་འབད་མི་ འབྲུག་པའི་ལས་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ སྡེ་ཚན་ཅིག་བཟོ་སྟེ་ འབྲེལ་བ་འཐབ་སྟེ་ ལས་འགུལ་ཚུ་ནང་ མཉམ་འབྲེལ་འབད་དོ་ ཡོདཔ་ཨིན་པས།

ལག་ཤེས་དང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ ལ་ལོ་ཅིག་གིས་ སྦྱོང་བརྡར་མཐར་འཁྱོལ་མི་ ན་གཞོན་ཚུ་ བསམ་ལན་དང་འཁྲིལ་ཏེ་ ཐད་ཀར་དུ་ ལཱ་གཡོག་གི་ སྦྱོང་བརྡར་ལས་རིམ་ནང་ བཙུགས་དོ་ཡོདཔ་ཨིན་པས།

སྦྱོང་བརྡར་སྤེལ་ཁང་ཚུ་གི་ བསླབ་སྟོན་པ་ཚུ་གིས་ ཟླཝ་༥ འི་ནང་འཁོད་ལུ་ ས་ཁོངས་ནང་སོང་སྟེ་ སྦྱོང་བརྡར་འབད་མི་ ན་གཞོན་ཚུ་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པས།

 

གསར་བཙུགས་ལམ་ལུགས་དང་དཀའ་ངལ།

ལས་མི་ལས་ཁུངས་ཀྱི་ ལས་མི་གསར་བཙུགས་ལམ་ལུགས་དེ་ གཞུང་གི་ལས་འགུལ་དང་ སྒེར་སྡེ་བཟོ་སྐྲུན་༢ ཆ་ར་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ཕྱི་དང་ནང་གི་ལས་མི་ གསར་བཙུགས་འབད་ནི་དེ་ ལས་འགུལ་གྱི་ ཟད་འགྲོ་ཡོངས་བསྡོམས་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ཨིན་པས།

ལས་ཁུངས་ཀྱིས་ གྲོང་གསེབ་དང་ ཁྲོམ་ནང་ ཕྱིའི་ལས་མི་ བགོ་བཀྲམ་འབད་ནི་དེ་ ཚད་འཛིན་འབད་དེ་ཡོདཔ་ད་ བཟོ་སྐྲུན་དང་ ལས་འགུལ་ཚུ་ནང་ ལས་མི་ཚུ་ བརྒྱ་ཆ་༥༠ དང་འབྲུགཔ་དང་ བརྒྱ་ཆ་༥༠ ཕྱིའི་ལས་མི་ བཙུགས་དགོཔ་སྦེ་ཨིན་པས།

ཕྱིའི་ལས་མི་འཛིན་སྐྱོང་བཅའ་ཡིག་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ ཕྱིའི་ལས་མི་ཚུ་ཡང་ འབྲུག་པའི་ལས་མི་ཚུ་མེད་པ་དང་ ཡང་ཅིན་ འབད་མ་བཏུབ་པ་ཅིན་རྐྱངམ་གཅིག་ བཙུགས་དགོཔ་སྦེ་ཨིན་པས།

ཆུ་དུང་བཙུགས་མི་དང་ ཤིང་བཟོ་བོ་ དེ་ལས་ གློག་མེ་བཙུགས་མི་ལ་སོགས་པའི་དོན་ལུ་ ཕྱིའི་ལས་མི་ཚུ་ བཙུགས་མི་ཆོག་ནི་ཨིནམ་ད་ དེ་ཡང་ འབྲུག་མི་ཚུ་ རིག་རྩལ་དེ་ནང་ སྦྱོང་བརྡར་བྱིན་མི་ལུ་བརྟེན་ཨིན་པས།

གཞུང་གིས་ ལྟ་རྟོག་འབད་ནི་མེདཔ་ལས་ ཁག་འབགཔ་དང་ བཟོ་སྐྲུན་ཇོ་བདག་ཚུ་གིས་ བཅའ་ཡིག་དང་འཁྲིལ་ཏེ་ མི་འབད་དོ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement