༉ དབང་འདུས་ཕོ་བྲང་ ཁྲིམས་སྲུང་འགག་པ་གིས་ ཀ་བཞི་རྒཔོ་གིས་ སྣུམ་འཁོར་བཏང་སྟེ་ ཐུག་རྐྱེན་བྱུང་པའི་སྐབས་ སྐྱེས་ལོ་༥༠ ང་གྲངས་འབད་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༧ ལུ་ ཕངས་ཡུལ་རྒེད་འོག་ནང་ བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ རྒཔོ་དེ་ལུ་ ཉེས་འཛུགས་དེ་ཡང་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱི་བཅའ་ཁྲིམས་༡༩༩ ཅན་མའི་ དོན་ཚན་༦༦(༡ དང་༢(ཁ)) དང་འཁྲིལ་ཏེ་ བཀལ་ཡོདཔ་ཨིན་པས།
དོན་ཚན་དང་འཁྲིལ་བ་ཅིན་ མི་ངོམ་ཅིག་གིས་ སྣང་མེད་སྦེ་ སྣུམ་འཁོར་བཏང་སྟེ་ མི་གཞན་ཅིག་ལུ་ ཤི་རྐྱེན་འབྱུང་པ་ཅིན་ ཉེས་པ་འབད་བའི་བཙོན་ཁྲིམས་ ཟླཝ་༦ དང་ ཡང་ཅིན་ ཁྲིམས་འདུན་དང་འཁྲིལ་ཏེ་ ཉེས་ཆད་བརྒྱ་ཆ་༥༠ ཡང་ཅིན་ གཉིས་ཆ་ར་ ཕོག་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༥ ལུ་ རྩོད་གཞི་དེ་ དབང་འདུས་ཕོ་བྲང་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་གི་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་དེ་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ ཏི་རུ་བཏབ་བཅུག་སྟེ་ བཏང་ཡོདཔ་ད་ ཉམས་རྒུདཔ་དེ་ དབང་འདུས་རྫོང་ཁག་ནང་ རྒྱབ་སྐྱོར་ལས་བྱེདཔ་ཅིག་ཨིན་པས།
རྒཔོ་དེ་ལུ་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་མེདཔ་ད་ རྐྱེན་ངན་དེ་ཡང་ ཕངས་ཡུལ་ལུ་ ཞིང་ཆུའི་ལས་འགུལ་གྱི་ ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་དང་འཁྲིལ་བ་ཅིན་ ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ རྒཔོ་གིས་ གུར་གྱི་ལྕགས་ཀཝ་ ཚུ་ སྣུམ་འཁོར་ནང་ བསྐྱལ་ཡོདཔ་ད་ སྣུམ་འཁོར་དེ་ རྒྱབ་ཁའི་ཀཝ་གིས་ སྒོ་ར་ལུ་ཕོག་པའི་ཤུལ་ལས་ ཉམས་རྒུདཔ་ལུ་ ཕོག་ཡོདཔ་ཨིན་པས།
ཀཝ་ལུ་ཕོག་སྟེ་ ཉམས་རྒུདཔ་དེ་ ས་ཁར་འབུད་ཡོདཔ་བཞིན་དུ་ སྨན་ཁང་བསྐྱལ་ཡོད་རུང་ ཚེ་ལས་འདས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement