༉ རྒྱ་གར་དང་ཕྱདཔ་ད་ འབྲུག་ལུ་ ས་སྣུམ་གྱི་ གོང་ཚད་ཁེ་ཏོག་ཏོ་ཡོདཔ་ལས་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ ས་མཚམས་ཁྲོམ་ནང་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ལས་ ས་སྣུམ་བླུག་དོ་ཡོདཔ་ཨིན་པས།
ཉིན་བསྟར་བཞིན་དུ་ རྒྱ་གར་གྱི་ སྣུམ་འཁོར་ཆེ་བ་དང་ བར་མ་༣༠༠ དེ་ལས་ འཁོར་ལོ་༢ འབད་མི་ སྣུམ་འཁོར་༢༥༠ ལྷགཔ་རེ་གིས་ ཕུན་ཚོགས་གླིང་གི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ས་སྣུམ་བླུག་པར་ འོང་དོ་ཡོདཔ་ཨིན་པས།
རྒྱ་གར་གྱི་ ས་མཚམས་ཕྱི་ཁ་ཁྲོམ་སྡེ་ཕྱདཔ་ད་ འབྲུག་ལུ་ ས་སྣུམ་གྱི་གོང་ཚད་དེ་ དངུལ་ཀྲམ་༢༥ དེ་ཅིག་གིས་ ཁེ་ཏོག་ཏོ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཊཱག་རེ་གིས་ ས་སྣུམ་ལི་ཊར་༨༠༠ དེ་རེ་དང་ པི་ཊཱོལ་སྣུམ་འཁོར་ཚུ་གིས་ ལི་ཊར་༣༥ དེ་རེ་ དེ་ལས་ འཁོར་ལོ་༢ འབད་མི་ཚུ་གིས་ ལི་ཊར་༡༢ བླུག་དོ་ཡོདཔ་ཨིན་པས།
འདས་པའི་བསམ་རྩེ་རྫོང་ཁག་ཚོགས་འདུ་ནང་ གནད་དོན་དེ་ གསུང་གྲོས་གནང་ཡོདཔ་བཞིན་དུ་ ས་གནས་གཞུང་གི་ འགོ་དཔོན་ལ་ལོ་ཅིག་གིས་ རྒྱ་གར་གྱི་ སྣུམ་འཁོར་ལ་ལོ་ཅིག་གི་ ས་སྣུམ་བླུག་ས་དེ་ སྦོམ་བཟོ་སྟེ་ ཚད་གཞི་བརྒལ་ཏེ་ བླུག་འབག་འགྱོ་དོ་ཡོདཔ་ལས་ འཕྲལ་འཕྲལ་ར་ རྫོང་ཁག་ནང་ ས་སྣུམ་མ་ལང་པའི་ དཀའ་ངལ་བྱུངམ་མས་ཟེར་ ཞུ་ནུག།
རྫོང་ཁག་ཚོགས་འདུ་གིས་ འབྲེལ་ཡོད་དབང་འཛིན་ལུ་ རྫོང་ཁག་གི་ ས་སྣུམ་བཀྲམ་སྤེལ་ཁང་༣ ལས་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ ས་སྣུམ་བླུག་ནི་གི་ ཚད་གཞི་བཟོ་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་མ་ཚད་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་བདག་སྐྱོང་དང་ ཁྲོམ་སྡེ་ དེ་ལས་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ ཁྲོམ་སྡེ་ངོ་ཚབ་ཡིག་ཚང་ཚུ་ མཉམ་འབྲེལ་འབད་དེ་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གི་ ས་སྣུམ་བླུག་མི་གི་ཚད་ བཟོ་དགོ་པའི་ གྲོས་ཆོད་བྱུང་ནུག།
ཨིན་རུང་ འབྲུག་ཚོང་འབྲེལ་ལས་འཛིན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འབྲུག་དང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ལུ་ འཇོན་ཐངས་ཅན་ཅིག་སྦེ་ ས་སྣུམ་བཀྲམ་སྤེལ་འབད་ནི་གི་ ཐབས་ལམ་ཚུ་ བཏོན་ཏེ་ཡོད་ཟེར་ཨིན་པས།
འགོ་དཔོན་གྱིས་འབད་བ་ཅིན་ འབྲུག་དང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གི་དོན་ལུ་ ལཱ་འབད་མི་༢ དང་གཅིག་ཁར་ ས་སྣུམ་བཀྲམ་སྤེལ་འབད་མི་ སྡེ་ཕྲན་༢ གཞི་བཙུགས་འབད་དེ་ཡོདཔ་བཞིན་དུ་ འབྲུག་པའི་ སྣུམ་འཁོར་ཚུ་ གྱལ་ནང་སྡོད་མ་དགོཔ་བཟོ་དོ་ཟེར་ཨིན་པས།
འགོ་དཔོན་གྱིས་ རྒྱ་གར་གྱི་ ཚོང་མགྲོན་པ་ཚུ་ལུ་ ངོས་ལེན་མ་འབད་བར་ སྡོད་མི་འོང་ནི་དེ་ཡང་ ས་མཚམས་ཁྲོམ་ནང་ ཚོང་མགྲོན་པ་ མང་ཤོས་ཅིག་ར་ རྒྱ་གར་ཚུ་ ཨིན་མི་ལུ་བརྟེན་ཨིནམ་བཞིན་དུ་ འབྲུག་པའི་སྣུམ་འཁོར་རྐྱངམ་གཅིག་སྦེ་ ཡུན་བརྟན་སྦེ་ གནས་མི་ཚུགས་ཟེར་ཨིན་པས།
འགོ་དཔོན་གྱིས་ བཀོད་མིའི་ནང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ འབྲུག་ལས་ ས་སྣུམ་བླུག་མི་དེ་ཡང་ རྒྱ་གར་གྱི་ ས་མཚམས་ཁྲོམ་གྱི་ ཉེ་འདབས་ལུ་ ས་སྣུམ་བླུག་ས་ མེད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ཨིན་རུང་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ འབྲུག་ལུ་ ས་སྣུམ་བླུག་པའི་ཤུལ་ལས་ རྒྱ་གར་ལུ་ ཚོང་འབྲེལ་འཐབ་མི་དེ་ ཚད་འཛིན་འབད་དོ་ཟེར་ཨིན་པས།
ངོ་རྐྱང་ཅིག་གིས་ འབྲུག་ལས་ ས་སྣུམ་བླུག་སྟེ་ རྒྱ་གར་ལུ་ ལོག་བཙོང་ཡོདཔ་སྦེ་ བདའ་ཟུན་ཡི་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
བསམ་རྩེ་རྫོང་བདག་ མི་འགྱུར་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེ་ འབྲེལ་ཡོད་ལས་སྡེ་ ས་སྣུམ་བཀྲམ་སྤེལ་བར་དང་ ཚོང་འབྲེལ་ལས་ཁུངས་དང་ གྲོས་བསྟུན་འབད་དེ་ འཕྲལ་མགྱོགས་ར་ སེལ་ཐབས་འབད་འོང་ཟེར་ཨིན་པས།
མཐའ་འཁོར་གནས་སྟངས་རྩིས་ཁྲ་སྙན་ཞུ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ ནང་འདྲེན་འཐབ་མི་ ས་སྣུམ་པེ་ཊཱོལ་དང་ ཌི་ཟིལ་ཤ་ཆས་ཅིག་ འབྲུག་གི་འཁོར་ལམ་ལག་ལེན་འཐབ་མི་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ སྤྱོད་དོ་ཡོདཔ་ཨིན་པས།
སྣུམ་འཁོར་ཚུ་ཡང འབྲུག་ལུ་ ཅ་ཆས་སྐྱེལ་འདྲེན་འབག་འོང་མི་དང་ འགྱོ་མི་ཚུ་ཨིན་པའི་ཁར་ རྒྱ་གར་གྱི་ ལྟ་བཤལཔ་གི་ སྣུམ་འཁོར་ཚུ་ཨིན་པས།
རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ སྒོམ་ཀྲུ་ དེ་ལས་ བསམ་རྩེ་གི་ ས་མཚམས་ཁྲོམ་གྱི་ ས་སྣུམ་བཀྲམ་སྤེལ་ཁང་ལས་ ས་སྣུམ་བླུག་དོ་ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ ས་སྣུམ་ལོག་བཙོང་མི་དེ་ སྤྱི་ལོ་༢༠༢༡ ལུ་ ཀི་ལོ་ལི་ཊར་༩,༨༤༦.༩༤ ལས་ སྤྱི་ལོ་༢༠༢༢ ལུ་ ཀི་ལོ་ལི་ཊར་༡༠,༥༣༨.༩༣ འབདཝ་ད་ བརྒྱ་ཆ་༦.༥ དེ་ཅིག་ ཡར་སེང་སོང་ནུག།
དམིགས་བསལ་དུ་ ས་སྣུམ་པེ་ཊཱོལ་ ལོག་བཙོང་མི་དེ་ སྤྱི་ལོ་༢༠༢༡ ལུ་ ཀི་ལོ་ལི་ཊར་༦,༥༤༣.༢༩ ལས་ སྤྱི་ལོ་༢༠༢༢ ལུ་ ཀི་ལོ་མི་ཊར་༧,༣༡༦.༣༠ དེ་ཅིག་ ཡར་སེང་སོང་ཡོད་རུང་ ཌི་ཟིལ་ལོག་བཙོང་མི་དེ་ ཀི་ལོ་ལི་ཊར་༣,༣༠༣ ལས་༣,༢༢.༦༣ ལུ་ མར་བབས་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement