༉ ད་རེས་ནངས་པ་ རྫོང་ཁ་མར་ཉམས་འགྱོ་བའི་ གནད་དོན་ཐོག་ དོ་འགྲན་བྱུང་བའི་ནམ་དུས་ལུ་ གཱུ་གཱལ་ནང་ལས་ རྫོང་ཁའི་སྐད་སྒྱུར་གྱི་ཞབས་ཏོག་ འཐོབ་ཚུགས་མི་དེ་ ལེགས་ཤོམ་ཅིག་ཨིནམ་ལས་ རྒྱལ་ཡོངས་ཀྱི་སྐད་ཡིག་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ གཱུ་གཱལ་ལུ་ སྐད་སྒྱུར་ཁྱད་རྣམ་ ཌི་ཌི་སི་ཨུ་ཅན་ ལག་ལེན་འཐབ་དགོ་པའི་ ཞུ་བ་འབད་དེ་ ལོ་༢ རྒྱབ་ལས་ གཱུ་གཱལ་ནང་ རྫོང་ཁའི་སྐད་སྒྱུར་ཞབས་ཏོག་ བཙུགས་ཡོདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ ཡོངས་གྲགས་ལུ་ པ་སུ་ཌའི་རི་ནང་བྲིས་མི་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ རྫོང་ཁ་སླབ་མི་དང་ ལྷག་མི་ཚད་གཅིག་ལས་བརྒལ་མེད་མི་དེ་ འཕྲུལ་རིག་གཱུལ་གཱལ་གྱིས་ ཞབས་ཏོག་བྱིན་ཚུགས་པའི་ མནོ་བསམ་ར་ མ་བཏང་ཟེར་ཨིན་པས།
གཱུ་གཱལ་སྐད་སྒྱུར་གྱིས་ ཨིང་སྐད་ལས་ རྫོང་ཁ་དང་ རྫོང་ཁ་ལས་ ཨིང་སྐད་ལུ་ སྐད་སྒྱུར་རྐྱབ་བྱིན་དོ་ཡོདཔ་ད་ ཨིན་རུང་ ད་རེས་ པར་རིས་དང་ ཡང་ཅིན་ ཡིག་ཆ་ཚུ་ རྫོང་ཁའི་ནང་ སྐད་སྒྱུར་རྐྱབ་ནིའི་ ཁྱད་ཆོས་མེདཔ་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཱུ་གཱལ་གྱིས་ ཚིག་རྐྱངམ་གཅིག་ ཐད་ཀར་གྱི་ སྐད་སྒྱུར་འབད་དོ་ཡོདཔ་ལས་ ལེགས་བཅོས་འབད་དགོཔ་ ལེ་ཤ་འདུག་ཟེར་ཨིན་པས།
རྫོང་ཁ་སྐད་སྒྱུར་འབད་མི་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ གཱུ་གཱལ་ནང་ རྫོང་ཁ་སྐད་སྒྱུར་གྱི་ ཁྱད་རྣམ་དེ་ གཞི་རྟེན་དང་ ཐད་ཀར་སྐད་སྒྱུར་ཅིག་ཨིན་པའི་ཁར་ སྤྱིར་བཏང་སྐབས་དོན་དང་ དོན་དག་མེད་པར་ སྐད་སྒྱུར་རྐྱངམ་གཅིག་ འབདཝ་མས་ཟེར་ཨིན་པས།
ཨིན་རུང་ རྫོང་ཁ་སྐད་སྒྱུར་གྱི་ ཁྱད་རྣམ་ཡར་དྲག་གཏང་པ་ཅིན་ མ་འོངས་པ་ལུ་ སྐད་སྒྱུར་གྱི་ལཱ་ཚུ་ འཇམ་ཏོང་ཏོ་འགྱོ་ནི་མས་ཟེར་ཨིན་པས།
ཐིམ་ཕུག་བརྡ་དོན་གླིང་གའི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་དང་ ད་རེས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་སྦེ་ ཕྱག་ཞུ་མི་ ཌོག་ཊར་ཚེ་རིང་སི་རྒྱས་ཀྱིས་ སླབ་མིའི་ནང་ རྫོང་ཁའི་ ཁ་སྐད་དོན་ལུ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ མི་རློབས་ཆུང་ཀུ་གིས་ ལག་ལེན་འཐབ་སྟེ་ཡོད་མི་དེ་ཡང་ གཱུ་གཱལ་སྐད་སྒྱུར་ནང་ ཚུད་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཱུ་གཱལ་ལུ་ སྐད་སྒྱུར་གྱི་མཐུན་རྐྱེན་འོང་མི་དེ་ ད་རེས་ ན་གཞོན་ཚུ་ རྒྱལ་ཡོངས་ཀྱི་ སྐད་ཡིག་ལུ་ སྤྲོ་བ་བསྐྱེད་བཅུག་པའི་ དུས་སྐབས་དང་བསྟུན་ ཨིན་མས་ཟེར་ཨིན་པས།
དེ་གིས་ རྒྱལ་ཡོངས་སྐད་ཡིག་གོང་འཕེལ་དང་ ཉམས་སྲུང་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིནམ་ལས་ ང་བཅས་ཀྱིས་འབད་རུང་ ལག་ལེན་འཐབ་དགོ་ཟེར་ ཌོག་ཊར་ཚེ་རིང་སི་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐད་སྒྱུར་འབད་མི་ མང་ཤོས་ཅིག་གིས་ ཁྲིམས་དོན་ཡིག་ཆ་ཚུ་ རྫོང་ཁ་ལས་ ཨིང་སྐད་ལུ་ སྐད་སྒྱུར་འབད་དེ་ འབྲེལ་འཛིན་སྦེ་ཡོདཔ་ལས་ གཱུ་གཱལ་སྐད་སྒྱུར་ཁྱད་རྣམ་གྱིས་ ཁོང་གི་ལཱ་དེ་ འཇམ་ཏོང་ཏོ་བཟོ་ཚུགས་ནི་མས་ཟེར་ཨིན་པས།
དེ་ལས་ སྐད་སྒྱུར་འཕྲུལ་ཆས་ཀྱིས་ རྫོང་ཁ་གནས་ཚུལ་ལས་ཁང་གི་ ཞུན་དག་འབད་མིའི་ལཱ་ཚུ་ཡང་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ ཌོག་ཊར་ཚེ་རིང་སི་རྒྱས་ཀྱིས་ བཤདཔ་ཨིན་པས།
ད་རེས་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྫོང་ཁ་ལས་ ཨིང་སྐད་དང་ ཨིང་སྐད་ལས་ རྫོང་ཁ་ལུ་ སྐད་སྒྱུར་ལྷན་ཐབས་འབད་ནིའི་དོན་ལས་ རང་བཞིན་ཁ་སྐད་ཀྱི་ བྱ་སྒོ་ལམ་ལུགས་ཅིག་ བཟོ་བའི་བསྒང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement