བཀྲིས་ཕུན་ཚོགས།

༉ མ་གཞི་ སྤུ་ན་ཁ་རྫོང་ཁག་ནང་ སོ་ནམ་གྱི་ལཱ་འབད་ནིའི་དོན་ལུ་ ས་བཅུད་དང་ལྡན་པའི་ ས་ཞིང་རྒྱ་ཆེ་དྲགས་སྦེ་ཡོད་རུང་ ལས་མི་ལངམ་སྦེ་མེད་ནི་དེ་གིས་ བཟའ་སྤྱོད་འབད་མ་ཚུགས་པར་ མཐའ་འཁོབ་སྦེ་ ལུས་དོ་ཡོདཔ་ཨིན་པས།

རྫོང་ཁག་ས་ཁྲམ་དང་ཐོ་བཀོད་ལས་སྡེ་གིས་ སྙན་ཞུ་འབད་མིའི་ནང་ རྫོང་ཁག་གི་རྒེད་འོག་༡༡ གི་ ཆུ་ཞིང་དང་ སྐམ་ཞིང་བསྡོམས་ཏེ་ ས་ཞིང་ཨེ་ཀར་༡,༤༥༥ དེ་ཅིག་ བཟའ་སྤྱོད་འབད་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།

རྫོང་ཁག་ནང་ སོ་ནམ་པ་ཚུ་གིས་ ཆུ་ཞིང་ཨེ་ཀར་༨,༣༧༣ དང་ སྐམ་ཞིང་ཨེ་ཀར་༢,༣༤༧ འཆང་སྤྱོད་འབད་བཞིན་དུ་ཡོད་རུང་ ཆུ་ཞིང་ཨེ་ཀར་༧,༤༥༧ དང་ སྐམ་ཞིང་ཨེ་ཀར་༡,༧༣༢ དེ་ཅིག་ བཟའ་སྤྱོད་འབད་མ་ཚུགས་པར་ སྟོངམ་སྦེ་ལུས་ཡོདཔ་མ་ཚད་ ས་ཆ་ཨེ་ཀར་༡༤༣.༢ ཤིང་འབྲས་ལྡུམ་ར་སྦེ་ ལག་ལེན་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ རྫོང་ཁག་ནང་ ས་ཞིང་བཟའ་སྤྱོད་འབད་མ་ཚུགས་པར་ ཨེ་ཀར་༥༩༧.༤ སྟོངམ་ལུས་ཡོདཔ་སྦེ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་སྙན་ཞུ་༢༠༡༩ ནང་ གསལ་སྟོན་འབད་མི་དེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ བསྡུ་སྒྲིག་འབད་ཡོདཔ་ཨིན་པས།

བྱ་སྟབས་མ་བདེ་བའི་དཀའ་ངལ་དེ་ སྤུ་ན་ཁ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཡང་ ལོ་བསྟར་བཞིན་དུ་ ས་ཞིང་སྟོངམ་ལུས་པའི་གནས་ཚད་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ དེ་སྦེ་ གཡུས་ཁ་ལུ་ ཞིང་སྟོང་ཐོན་མི་དེ་གཙོ་བོ་ར་ གྲོང་གསེབ་ལས་ ཁྲོམ་ཁ་ལུ་ གནས་སྤོ་འགྱོ་བའི་ དཀའ་ངལ་ལུ་བརྟེན་ཨིན་ཟེར་ ཁ་ཉེས་བཀལ་དོ་ཡོདཔ་ཨིན་པས།

དེ་ཡང་ དཔྱེ་འབད་བ་ཅིན་ ན་གཞོན་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་དང་ ལཱ་གཡོག་གི་གོ་སྐབས་འཚོལ་བ་ཨིན་ཟེར་ ཁྲོམ་ཁ་དང་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་དོ་ཡོདཔ་ལས་ རྒན་ཤོས་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་མེད་ཟེར་ཨིན་པས།

སྐྱེས་ལོ་༥༥ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ སོ་ནམ་གྱི་ལཱ་འབད་ནིའི་དོན་ལུ་ ལས་མི་ཚུ་ལུ་ གླ་སྤྲོད་རུང་ འཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ བྱ་ཐབས་མེད་པར་ ཞིང་སྟོངམ་སྦེ་ བཞག་དགོ་པས་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ རྒྱལ་ཁབ་ཀྱི་ འོང་འབབ་དང་ ཐོན་སྐྱེད་ཡར་སེང་འབད་དགོ་པ་ཅིན་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཕྱིའི་ལས་མི་ཚུ་ལུ་ གོ་སྐབས་སྤྲོད་དགོཔ་འདུག་ཟེར་ཨིན་པས།

སོ་ནམ་ལས་ཁུངས་ཀྱིས་ དཀའ་ངལ་གྱི་གནད་དོན་ཚུ་ སེལ་ཐབས་ལུ་ ཐབས་བྱུས་མང་རབས་ཅིག་ ལོག་བསྐྱར་ཞིབ་འབད་དོ་ཡོདཔ་བཞིན་དུ་ ཉམས་མྱོང་ཅན་གྱི་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་དེ་ ལས་མི་མ་ལང་པའི་དཀའ་ངལ་ བསལ་ཚུགས་ཟེར་ཨིན་པས།

སོ་ནམ་ལས་ཁུངས་ཀྱི་མདོ་ཆེན་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ས་ཞིང་སྟོངམ་ལུས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།

ཁོ་དང་འཁྲིལཝ་ད་ ས་གཞི་སྟོངམ་ལུས་མི་དེ་ གཙོ་བོ་ར་ ལས་མི་མེད་མི་དང་ ཆུའི་གཡུར་བ་མེད་མི་ དེ་ལས་ མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་གི་དཀའ་ངལ་ལུ་བརྟེན་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ ལས་ཁུངས་ཀྱིས་ ཆུའི་གཡུར་བ་དང་ ལྕགས་སྐུད་རཝ་རྐྱབ་ནི་ དེ་ལས་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་དེ་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།

ལས་ཁུངས་ཀྱིས་ འོས་འབབ་ལྡན་པའི་ གཞུང་གིས་གསོག་འཇོག་སྦེ་བཞག་མི་ནགས་ཚལ་དེ་ སྤྲོ་བ་དང་དང་འདོད་ཅན་གྱི་ སྒེར་སྡེ་རང་རྐྱང་དང་ ལས་སྡེ་ཚུ་ལུ་ སོ་ནམ་གྱི་ལཱ་ཚུ་ ཚོང་འབྲེལ་གྱི་དོན་ལས་འབད་མི་ཚུ་ལུ་ གླ་ཁར་སྤྲོད་དོ་ཟེར་ཨིན་པས།

དེ་བཟུམ་སྦེ་ ལས་ཁུངས་ཀྱིས་ ཧེ་མ་ལས་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཉམས་མྱོང་ཡོད་མི་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་དེ་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ཐབས་ཀྱི་ གྲོས་འཆར་བཙུགས་ནི་དང་ ལས་མི་དང་ ཕྱི་མི་ནང་སྐྱོད་དང་གཅིག་ཁར་ གསུང་གྲོས་གནང་ནི་ཨིན་ཟེར་ཨིན་པས།

ལྷག་པར་དུ་ གྲོས་འཆར་ལས་རིམ་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ལས་ཁུངས་ཀྱིས་ གྲོས་འཆར་བཀོད་མི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གནང་བ་འགྲུབ་པ་ཅིན་ དམིགས་བསལ་ལས་རིམ་ཅིག་སྦེ་ བསམ་རྩེ་དང་ སྤ་རོ་རྫོང་ཁག་༢ ནང་ འོས་འབབ་དང་ ཚད་ལྡན་ཅན་སྦེ་ འོང་ཐབས་ལུ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།

ཆུ་ལངམ་སྦེ་ མེད་པའི་དཀའ་ངལ་གྱིས་ཡང་ ས་ཞིང་སྤྱོད་མ་ཚུགས་པའི་ གནད་དོན་ཅིག་ཨིནམ་ལས་ མདོ་ཆེན་གྱིས་ སླབ་མིའི་ནང་ ཆུ་ལངམ་སྦེ་ སྤྲོད་ཐབས་ལུ་ ཆུ་གཡུར་ཆུང་བའི་ཐབས་རིག་ཚུ་ སྤྱོད་ཞིནམ་ལས་ ཚོད་བསྲེ་འཛུགས་སྐྱོང་ལུ་ ལྷན་ཐབས་འབད་ནི་ཨིན་ཟེར་ཨིན་པས།

རྒྱལ་ཁབ་ཀྱི་ ས་ཞིང་ཡོད་པའི་གྲས་ལས་ སོ་ནམ་གྱི་ལཱ་འབད་ནི་ལུ་ ས་ཞིང་བརྒྱ་ཆ་༢.༦ ལས་བརྒལ་ བཟའ་སྤྱོད་མི་འབད་དོ་ཡོད་མི་དེ་ ས་ཞིང་ཨེ་ཀར་༢༥༠,༠༠༠ ཨིན་ཟེར་ སོ་ནམ་ལས་ཁུངས་ཀྱིས་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ས་གཞི་ཡོད་རུང་ བཟའ་སྤྱོད་འབད་མ་ཚུགས་པའི་གནས་ཚད་དེ་ བརྒྱ་ཆ་༢༦ དང་ དེ་ལུ་ ས་ཆ་ཨེ་ཀར་༦༦,༡༢༠ འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༢༢ ལུ་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ བཟའ་སྤྱོད་འབད་མ་ཚུགས་པར་སྟོངམ་སྦེ་ལུས་མི་ཞིང་ཚུ་ ཞིབ་འཚོལ་འབད་ཞིནམ་ལས་ ཐབས་རིག་དང་ རིག་གསར་གྱི་ཐོག་ལས་ འཕྲུལ་རིག་ཚུ་ ལག་ལེན་འཐབ་སྟེ་ སོ་ནམ་གྱི་དོན་ལུ་ ཐབས་ཤེས་ཚུ་ བཏོན་ཡོདཔ་ཨིན་པས།

ལྷག་པར་དུ་ སོ་ནམ་པ་ཚུ་ལུ་ སོ་ནམ་གྱི་ལཱ་རིགས་འབད་ནིའི་དོན་ལུ་ ས་ཞིང་ལངམ་སྦེ་ཡོད་རུང་ ལོ་བསྟར་བཞིན་དུ་ བཟའ་སྤྱོད་འབད་མ་ཚུགས་པར་ སྟོངམ་སྦེ་ལུས་པའི་གནད་དོན་གཙོ་བོ་ར་ ལཱ་འབད་མི་མེད་པའི་གདོང་ལེན་དང་ ཆུ་གཡུར་ ཡང་ཅིན་ ཆུ་ལངམ་སྦེ་མེད་མི་ ཡུན་བརྟན་གཞི་རྟེན་མཁོ་ཆས་ཀྱི་དཀའ་ངལ་ མི་དང་རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་གི་དཀའ་ངལ་ དེ་ལས་ བཟའ་སྤྱོད་འབད་སའི་ཞིང་དང་ མི་སེར་སོ་ནམ་པ་ཚུ་སྡོད་སའི་ཁྱིམ་ལས་ ཐག་རིང་སོང་པའི་དཀའ་ངལ་ཡོདཔ་སྦེ་ མོ་བཏབ་ཞིབ་འཚོལ་འབད་བའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

Advertisement