༉ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་སྐུ་བགྲེས་ འཆི་མེད་དམ་ ཡེ་ཤེས་རིན་ཆེན་མཆོག་ གནམ་ལོ་ཤིང་འབྲུག་ཟླ་༨ པའི་ཚེས་༦ གི་ དྲོ་པའི་ཆུ་ཚོད་༦ དང་སྐར་མ་༤༥ ལུ་ སྤུ་ན་ཁ་ རྒན་བཞུགས་སྐྱིད་པའི་གླིང་ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཡོདཔ་ད་ ཚེས་༦ ལས་༨ ཚུན་ ཉིན་གྲངས་༣ གྱི་རིང་ ཐུགས་དམ་འོད་གསལ་གྱི་ངང་ལུ་ བཞུགས་ཡོདཔ་ཨིན་པས།
ཞིང་གཤེགས་མཆོག་ ང་བཅས་རའི་ རྒྱལ་ཁབ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་བསྟན་པ་ལུ་ ག་ནི་བ་ བཀྲིན་ཆེ་ཤོས་ཅིག་ཨིན་པས།

ལས་ཚོགས་སློབ་དཔོན་བགྲེས་ ཡེ་ཤེས་རིན་ཆེན་རང་གི་ གནས་ཚུལ་མདོར་བསྡུས་ཙམ་བརྗོད་པ།
རྫོང་ཁག་དབང་འདུས་ཕོ་བྲང་ རྒེད་འོག་རུས་སྦི་ས་ གཡུས་ཉ་ཕྱེ་རྒྱས་ཁ་ གནམ་ལོ་ཤིང་ལུག་ཟླ་དྲུག་པའི་ཉེར་དགུ་འམ་སྤྱི་ལོ་ ༡༩༥༥ /༨/༡༦ ལུ་སྐྱེས་ནུག་ དེ་ལས་རང་ལོ་བདུན་ནམ་སྤྱི་ལོ་ ༡༩༦༡ ལུ་དབང་འདུས་གྲྭ་ཚང་ནང་དགེ་སློང་སྦེ་འཛུལ་ཞིནམ་ལས་ གྲྭ་ཚང་ནང་གི་སྒྲིགས་ལམ་དང་གཞི་རིམ་དཔེ་ཆ་སློབ་སྦྱོང་དུས་མཆོད་འབུམ་སྡེ་གཏང་ནི་ ཆོ་གའི་ཕྱག་ལེན་དུང་རྒྱ་གླིང་གཏོར་བཞེངས་སོགས་དང་ འཆམ་རྐྱབ་ནི་ཚུ་ལྷབ་སྦྱངས་འབད་དེ་རང་ལོ་ ༡༨ ཚུན་གྲྭ་ཚང་ནང་སྒྲིགས་རྒྱུགས་སྡོད་ཅི།དེ་ནས་སྤྱི་ལོ་ ༡༩༧༣ རང་ལོ་ ༡༩ ལུ་རྟ་མགོ་དགོན་པར་སྒྲུབ་སྡེ་ནང་ སྐྱབས་རྗེ་དགེ་འདུན་རིན་ཆེན་དང་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་རྣམ་གཉིས་ཀྱི་སྐུ་མདུན་བཅར་ཏེ་ ལོ་ངོ་གསུམ་གྱི་རིང་གཞུང་རིགས་གནས་སོགས་ཀྱི་དཔེ་ཆ་སློབ་སྦྱོང་དང་།དབང་ཁྲི་སོགས་ཞུས་ཏེ་ཕྱག་ཆེན་གྱི་ཉམས་ལེན་སྦེ་སྡོད་ཅི།དེ་ལས་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་ཐུགས་དམ་ཉམས་བཞེས་གནང་ནིའི་དོན་ལུ་བལ་ཡུལ་ཁ་ཐུག་ལུ་བྱོན་སོང་ཡི།དེ་ལས་ང་རང་ཡང་གདམས་ངག་ཉམས་ལེན་འབད་ནིའི་དད་གུས་སྦོམ་ཡོདཔ་ལས་ བལ་ཡུལ་ལུ་སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་བཅར་བར་སོང་སྟེ།ཕྱག་ཆེན་དང་རྫོགས་ཆེན་གྱི་ཉམས་ལེན་སྐོར་ཁ་ཤས་ཞུས་ཏེ་སྒོམ་སྒྲུབ་བྱས་ནས་ཡོད་སྐབས་ མཆེད་རྒན་གྲུབ་ཐོབ་རྒྱལ་མཚན་ཡང་བླ་མའི་སྐུ་མདུན་བཅར་བར་བྱོན་ནས་ དེ་ནས་ངེད་གཉིས་ལ་ཕྱག་ཆེན་དང་ཆོས་དྲུག་གྲུབ་དབང་བསྙེན་བརྒྱུད་ཀྱི་སྐོར་སོགས་གནང་སྟེ་ བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་སུ་ ལོ་གཅིག་དང་ཟླ་བ་དྲུག་ཙམ་ཉམས་ལེན་འབད་སྡོད་ནིའི་སྐལ་བཟང་ཐོབ་ཅིག དེ་ལས་རྟ་མགོ་དགོན་པ་ལས་སྐྱབས་རྗེ་དགེ་འདུན་རིན་ཆེན་གྱིས་རྟ་མགོ་རྫོང་ཁར་ལོ་ ༣ ཕྱོགས་ ༣ དང་པ་འགོ་བཙུགས་པའི་སྐབས་ ལོ་མཚམས་ནང་འོང་དགོས་པའི་ཕྱག་བྲིས་སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེའི་ཕྱག་ལ་འབྱོར་བའི་བཀའ་རྒྱ་ལ་བརྟེན་ འབྲུག་ལ་འོང་ནས་རྟ་མགོ་རྫོང་ཁར་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ལ་ཐེངས་དང་པ་སྡོད་ཅི།དེ་རྗེས་རྟ་མགོ་བཤད་གྲྭ་ནང་རྗེ་དགེ་འདུན་རིན་ཆེན་གྱི་སྐུ་མདུན་ལས་ལོ་ངོ་ཕྱེད་ཙམ་ལྷོའི་ཆོས་འབྱུང་དང་དབུ་མའི་བསྡུས་དོན་ཞབས་དྲུང་དག་སྣང་མའི་སྐོར་ཚོགས་སོགས་ཞུ་སྦེ་སྡོད་ཅི།དེ་ནས་ཡང་བལ་ཡུལ་དུ་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་སྐུ་མདུན་ལུ་བཅར་ཏེ་ རྫོགས་པ་ཆེན་པོའི་ཆོས་སྐོར་ཀུན་བཟང་བླ་མའི་ཞལ་ལུང་དང་ ཞལ་ལུང་ཟིན་བྲིས་ཁྲིད་ ཡིག་ཡེ་ཤེས་བླ་མ་ ཁྲེགས་ཆོད་སྙན་བརྒྱུད་སོགས་ཞུས་ཏེ་ཟླ་བ་གསུམ་ཙམ་དེར་སྡོད་ཅི།དེ་ལས་སྐྱབས་རྗེ་དགེ་འདུན་རིན་ཆེན་གྱིས་ གྲོ་ལུང་དགོན་པར་སྒྲུབ་སྡེ་དང་པ་བཙུགས་སྐབས་ སྒྲུབ་དཔོན་གྱི་ལས་འགན་འཁུར་དགོས་པའི་བཀའ་ཤོག་གནང་བར་བརྟེན་ བལ་ཡུལ་ནས་འབྲུག་ལུ་འོང་སྟེ་ལོ་གསུམ་གྲོ་ལུང་དགོན་པའི་སྒྲུབ་དཔོན་སྦེ་སྡོད་ཅི།ཡང་དེ་རྗེས་བལ་ཡུལ་དུ་སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་བཅར་ཏེ་ གདམས་ངག་ལྷག་ལུས་སོགས་ཞུས་ཏེ་ཟླ་ངོ་བཅུ་ཙམ་བལ་ཡུལ་སྡོད་ཅི།དེའི་རྗེས་དཔལ་ལྡན་བླ་མའི་ཞལ་ནས་ ཁྱོད་རང་གཞུང་རིགས་གནས་སྐོར་གྱི་དཔེ་ཆ་ཞིག་གཞན་ལ་ཕན་ཐོགས་ནུས་པ་བལྟ་དགོས་པའི་བཀའ་རྒྱ་ཡང་ཡང་གནང་སྟེ་ དེ་ཡང་འབྲས་ལྗོངས་རྒྱལ་ཞིང་རྫོང་སར་མཁྱེན་བརྩེའི་བཤད་གྲྭ་ནང་ མཁན་པོ་ཀུན་དགའ་དབང་ཕྱུག་ཞེས་པ་མཁས་པའི་དབང་དེ་བོད་ཁམ་ཕྱོགས་ནས་འདིར་ཕེབས་འདུག་པའི་ ཞབས་སར་སོང་ཞིག་ཅེས་བཀའ་ནན་ཕེབས་པར་བརྟེན་ འབྲས་ལྗོངས་རྒྱལ་ཞིང་ལུ་མཁན་རིན་པོ་ཆེའི་ཞབས་སར་བཅར་ཏེ།རྒྱ་གཞུང་ དབུ་མའི་སྐོར་དང་ ཚད་མའི་སྐོར་ སོགས་ཞུས་ཏེ་ཟླ་བ་བརྒྱད་ཙམ་དེར་སྡོད་ཅི།དེ་ནས་བཤད་གྲྭ་རྒྱ་ཕྱོགས་བཱི་རི་རྫོང་སར་སྤོ་སྐབས་རང་ཉིད་ཀྱང་འདིར་བཅར་ནས་ལོ་གསུམ་རིང་ འདུལ་བ།དབུ་མ།མངོན་པ།སྤྱོད་འཇུག བྱམས་ཆོས་ཀྱི་སྐོར།ཚད་མའི་སྐོར།སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་ཞུ་ནས་སྡོད་ཅི།དེ་ནས་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་ བལ་ཡུལ་ནས་འབྲུག་ལུ་ཕེབས་ཏེ་ རིམ་པར་རྡོར་སློབ་དང་རྗེ་མཁན་རིན་པོ་ཆེའི་ཁྲིར་མངའ་གསོལ་ཞུས་གྲུབ་རྗེས།རང་ལ་བཀའ་ཤོག་ཕེབས་དོན།རང་ཉིད་གླང་ཟེ་སྒྲུབ་དཔོན་དུ་འགྲོ་དགོས་པའི་བཀའ་རྒྱ་སྤྱི་བོར་ཕེབས་པར་བརྟེན་ ལོ་གཅིག་གླང་ཟེ་སྒྲུབ་དཔོན་དུ་སྡོད་ཡོད།དེ་ནས་ཡང་རྟ་མགོ་བཤད་གྲྭའི་དབུ་འཛིན་དུ་འགྲོ་དགོས་པའི་བཀའ་རྒྱ་ཕེབས་བརྟེན་ ལོ་གཅིག་རྟ་མགོ་བཤད་གྲྭའི་དབུ་འཛིན་གྱི་ལས་འགན་འཁུར་ཡོད།དེ་ནས་སྤྱི་ལོ་ ༡༩༨༧ ལོར་རྟ་མགོར་མཐོ་རིམ་བཤད་གྲྭ་འགོ་དང་པོར་འཛུག་སྐབས་ རང་ཉིད་ཀྱང་འདིར་སློབ་དཔོན་སྦེ་སྡོད་དགོས་པའི་བཀའ་ཤོག་སྤྱི་བོར་ཕེབས་ཀྱང་ རང་ཉིད་སྒྲུབ་པ་ཉམས་ལེན་བྱེད་འདོད་ཆེན་པོ་ཡོད་པའི་ གསོལ་འདེབས་ཡང་ཡང་ཕུལ་བས་ སླར་ཡང་གླང་ཟེ་སྒྲུབ་དཔོན་དུ་གཏང་གནང་ཡོད།དེ་ནས་ཟླ་བ་དགུ་ཙམ་གླང་ཟེ་སྡོད་འཕྲོར་ སྐྱབས་རྗེའི་ཞབས་ནས་ དབང་རྫོང་རབ་སྡེའི་བཤད་གྲྭ་ཞིག་ ཁྱུང་ལེགས་དགོན་པར་གསར་བཙུགས་གནང་སྐབས་ དེ་གའི་བཤད་གྲྭའི་དབུ་འཛིན་དུ་རང་ཉིད་འགྲོ་དགོས་པའི་བཀའ་རྒྱ་གནང་བར་བརྟེན་ ཁྱུང་ལེགས་དགོན་པར་བཤད་གྲྭའི་སློབ་སྦྱོང་དང་འཛིན་སྐྱོང་།གྲྭ་ཤག་དང་ལྷ་ཁང་ཉམས་བཅོས་སོགས་ཀྱི་དཀའ་ངལ་དཔག་མེད་འཁུར་ཏེ་ལོ་ངོ་བཅུ་ཙམ་འདིར་སྡོད་ཡོད།དེ་ནས་བཤད་གྲྭ་རིན་གླིང་དུ་སྤོ་དགོས་པའི་གནས་ཚུལ་ནི་ སྤྱི་ལོ་ ༡༩༩༧ ལ་རྗེ་མཁན་ཁྲི་རབས་བདུན་བཅུ་པ་མཆོག་གི་ཞབས་ནས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ མཁོ་ཐང་རིན་ཆེན་གླིང་ཉམས་གསོ་དང་འབྲེལ་ ཁྱུང་ལེགས་དགོན་པའི་བཤད་གྲྭ་ས་གནས་འདིར་སྤོ་དགོས་པའི་བཀའ་ཤོག་གནང་ཡོད།ལོ་རྒྱུས་གཞན་ཡང་སྔར་ སྤྱི་ལོ་ ༡༩༧༥ ལུ་སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་ཆེད་མངགས་ཀྱི་འདིར་གནས་མཇལ་ལ་ཕེབས་སྐབས་ ས་གནས་དེ་ཤིང་ནགས་ཆེན་པོས་ཚལ་དུ་བསྒྱུར་འདུག་པ་ལ་ཐུགས་འཕམ་གྱི་གནས་ཚུལ་དང་།དེ་སྐབས་ཕྱག་ཞུས་པ་བླམ་དབང་དྲག་དང་རང་ཉིད་ལ་ སྐྱབས་རྗེ་རིན་པོ་ཆེའི་ཞལ་ནས་ མ་འོངས་པ་ན་གདན་ས་བྱིན་ཅན་དེ་རྩ་བ་ནས་ཉམས་གསོ་ཁྱེད་ཀྱི་ཞུ་ཐུབ་ན་ལེགས་ཞིམ་ཨིན་མས་ཟེར་གསུངས་ཡོད་པའི་ལུང་བསྟན་དང་།གཞན་ཡང་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་ཞབས་ནས་ ཞལ་བཀོད་དང་ཐུགས་སྨོན་རྒྱ་ཆེན་པོ་གནང་ཡོད་པ་དང་།གཙོ་བོ་སྐྱབས་རྗེ་ཁྲི་རབས་བདུན་བཅུ་པ་ངག་དབང་འཇིགས་མེད་ཆོས་གྲགས་མཆོག་གི་ཞབས་ནས་ ཞལ་བཀོད་དང་ཐུགས་སྨོན་མ་དངུལ་གྱི་རྒྱབ་སྐྱོར་སོགས་ཧྲིར་པོར་གནང་བ་དང་།དེ་བཞིན་མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་ཀྱི་ཐུགས་བསྐྱེད་བླ་མེད་དང་།རྒྱལ་ཡུམ་རིན་པོ་ཆེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་གཙོས་པའི་དད་ལྡན་ཡོངས་དང་།སྦྱེ་ནག་དང་རུས་པའི་རྒེད་འོག་གི་མི་སེར་དང་བཤད་གྲྭ་གསར་བཞེངས་སྐབས་ཀྱི་བཤད་གྲྭ་པ་དད་ལྡན་ཡོངས་ནས་ལྷག་བསམ་དང་བརྩོན་པ་ཆེན་པོས་ཉེར་ལེན་ལ་བརྟེན་བསྟན་འགྲོར་སྨན་པའི་གྲུབ་འབྲས་ཕྲན་ཙམ་གྲུབ་ཡོད།དེ་ལས་སྤྱི་ལོ་ ༡༩༩༩ ལུ་སྐྱབས་རྗེ་རིན་པོ་ཆེའི་བཀའ་ཤོག་ལྟར་ རང་ཉིད་དབང་རབ་གནས་བརྟན་གྱི་ལས་འགན་ལེན་ནས་ལོ་གཉིས་དང་ཟླ་བ་དགུའི་རིང་འཛིན་སྐྱོང་དང་སློབ་སྦྱོང་སོགས་ལ་ཞབས་ཕྱིད་གང་དྲག་ཞུ་ཡོད།ཡང་སྤྱི་ལོ་ ༢༠༠༢ ལ་སྐྱབས་རྗེ་རིན་པོ་ཆེས་བཀའ་ཤོག་གནང་བར་བརྟེན་སྤུངས་ཐིམ་གྲྭ་ཚང་ལྟེ་བའི་སློབ་ལྷན་རྒྱས་ དབྱངས་སློབ་ཀྱི་ལས་འགན་ཞུས་ནས་ལོ་བཅུ་གཉིས་དང་ཟླ་བ་བདུན་གྱི་བར་ལྷག་བསམ་རྣམ་དག་གི་སྒོ་ནས་སངས་རྒྱས་བསྟན་པའི་ཞབས་ཏོག་དང་ འབྲུག་གི་རྩ་བ་གསུམ་ལུ་ཅི་ལྕོགས་ཀྱི་ལྷག་བསམ་དཔང་དུ་བཙུགས་ཏེ།གྲྭ་ཚང་ནང་དུ་མི་སྟོབས་དང་རྒྱུ་སྟོབས་གོང་འཕེལ་གྱི་འཆར་གཞི་ཡང་འགོ་བཙུགས་ཏེ་གྲུབ་འབྲས་ཡང་གང་ལ་གང་ཚམས་ཐོན་ཡོད།དེ་བཞིན་འབྲུག་རྒྱལ་ཁབ་ཀྱི་ན་གཞོན་གྱི་སློབ་གྲྭ་ཁག་ལ་ཆོས་བཤད་ཀྱི་ལས་རིམ་གལ་གནད་ཆེ་བའི་སྐོར་ཤེས་རིག་བློན་པོ་སངས་རྒྱས་དངོས་གྲུབ་མཆོག་གིས་རྗེ་མཁན་རིན་པོ་ཆེར་གསོལ་བ་འདེབས་དོན་ བདག་ལ་བཀའ་རྒྱ་གནང་བས་ གནམ་ལོ་ ༢༠༠༣ ལས་འགོ་བཙུགས་ཏེ་འབྲུག་རྒྱལ་ཁབ་ནང་འཁོད་འབྲིང་རིམ་སློབ་གྲྭ་བར་མ་དང་།ཆེ་བ་ཡོད་ཚད་ལ་འབྲུག་གི་རྩ་བ་གསུམ་ལུ་ཐ་དང་དམ་ཚིག་བསྐྱེད་དགོས་པའི་ཆོས་བཤད་ལས་རིམ་འགོ་བཙུགས་ཏེ་ གཞི་རྒྱམ་སྒྲིང་སྒྲིག་བཙུགས་ཡོད།དེར་མ་ཟད་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་དང་བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་གཉིས་སུ་དབྱར་དགུན་གཉིས་ལུ་ཆོས་བཤད་ཐེངས་གཉིས་རེ་གཙུག་ལག་སློབ་དཔོན་དབུ་བཞུགས་ཐོག་བདུན་ཕྲག་གཉིས་རེ་ལག་ལེན་འཐབ་རྒྱུའི་གཞི་རྒྱམ་བཙུགས་ཡོད་པའི་ཁར་ལོ་ངོ་བདུན་ཙམ་ཆོས་བཤད་ཀྱི་ལས་རིམ་ དབྱར་དགུན་གཉིས་ཀར་རང་ཉིད་ཀྱི་འགོ་འདྲེན་འཐབ་ཡོད།དེ་བཞིན་ན་གཞོན་བསམ་སྦྱོར་ལེགས་བཅོས་ཚོགས་པའི་དབུ་ཁྲིད་དུ་ ( ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ ) གདན་འདྲེན་ཞུས་ཏེ་དབུ་འཛུགས་སྒོ་འབྱེད་བརྟེན་འབྲེལ་ཡང་གནང་ཡོད་པའི་ཁར་ ན་གཞོན་རྣམས་ལ་མཁོ་བའི་སྐལ་བཟང་ཡིད་ཀྱི་དགའ་སྟོན་ཞེས་པའི་ཀི་དེབ་ཞིག་ཀྱང་རང་ཉིད་ཀྱིས་རྩོམ་བྲིས་འབད་དེ་སློབ་གྲྭ་ཁག་ལ་བཀྲམ་སྤེལ་སྦེ་ཡོད།དེ་ལས་ནམ་ཡང་བརྗེད་མ་བཏུབ་པའི་གནས་ཚུལ་ཟེར་རུང་འབྲུག་རྒྱལ་ཁབ་ཀྱི་ན་གཞོན་རྣམས་ཀྱི་བསམ་སྦྱོར་ལེགས་བཅོས་འབད་དེ་འབྲུག་གི་རྩ་བ་གསུམ་ལུ་ཐ་དང་དམ་ཚིག་བསྐྱེད་ཤེསཔ་བཟོ་ནས་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་གོང་འཕེལ་གཏང་ནི་ལས་ལྷགཔ་ཅིག་གཞན་ག་ནི་ཡང་མ་མཐོང་།བཞེས་སྒོ་འབད་ནི་ཐེད་ལུ་ལྷོདཔ་ད་ལེགས་ཤོམ་གནའ་མས་ས་མས་འབད་མ་ཤེས་རུང་མི་ཚེ་ཕྱེད་ཀ་རང་གཡོག་རང་གི་རྒྱུགས་ཏེ་སྡོད་སྡོདཔ་སྦེ་ནི་དེས་ཟ་ཤེསཔ་དང་འཐུང་ཤེསཔ་ཅིག་འབད་ཤེས་ཡོད།དེ་བཞིན་གནམ་ལོ་ ༢༠༠༣ ལུ་རྒྱ་འབྲུག་ས་མཚམས་ནས་ཨིབ་དམག་གི་དཀའ་ངལ་འཐོན་སྐབས་ མི་དབང་འབྲུག་རྒྱལ་བཞི་པ་ ༧ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ གདུང་བསམ་བདེ་བ་ཐང་ལ་ཕེབས་སྐབས་རང་ཉིད་ཀྱང་ཞག་གྲངས་ཉི་ཤུ་རྩ་གསུམ་གྱི་རིང་མངའ་བདག་རིན་པོ་ཆེའི་ཕྱག་ཞུས་ཏེ་ས་གནས་བདེ་བ་ཐང་ལ་ཅི་ཤེས་གང་ཤེས་ཀྱིས་འབྲུག་གི་རྩ་བ་གསུམ་ལ་ཕན་པའི་སྐུ་རིམ་བསྒྲུབས་ཏེ་ཡོད།དེ་ལས་སྤྱི་ལོ་ ༢༠༡༤ ལ་ལས་འགན་ནས་དགོངས་པ་ཞུས་ཏེ་ སྐྱབས་རྗེ་རིན་པོ་ཆེའི་བཀའ་རྒྱ་བཞིན་རྒན་བཞུགས་སྐྱིད་པའི་གླིང་དུ་སོང་སྟེ་ད་ལྟ་ས་གནས་འདིར་ཅི་ཤེས་ཀྱི་ཉམས་ལེན་སྐྱོང་སྟེ་སྡོད་ཡོད་པ་ནི་རང་གི་མི་ཚེ་གཅིག་གི་གནས་ཚུལ་མདོར་བསྡུས་ཙམ་ཡིན་ནོ།།ནོར་འཁྲུལ་རེ་བྱུང་ཡོན་ན་མཁས་དབང་ཀུན་གྱིས་བཟོད་བཞེས་གནང་བར་ཞུ།དགེའོ།།

Advertisement