༉ འབྲུག་གིས་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ འབབ་ཁུངས་ཆེ་བའི་གནས་རིམ་གྱི་ དམིགས་གཏད་འགྲུབ་དགོ་པ་ཅིན་ ལོ་བསྟར་བཞིན་དུ་ དཔལ་འབྱོར་བརྒྱ་ཆ་༡༣ རེ་ ཡར་འཕར་གཏང་དགོཔ་ཨིན་པས།

དེ་ཡང་ འབྲུག་གི་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ གནས་བཞུགས་ངོ་ཚབ་ དཔལ་འབྱོར་གྱི་འགོ་དཔོན་ བསོད་ནམས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།

འཆར་གཞི་༡༣ པའི་ འཆར་གཞི་ཚུ་དང་ རིམ་བསྒྲིགས་འབད་དེ་ འབྲུག་གིས་ སྤྱི་ལོ་༢༠༡༩ འི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༢.༥ ལས་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༥ འབདཝ་ད་ གཉིས་ལྟབ་སྦེ་ ཡར་སེང་གཏང་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ འབྲུག་གིས་ དཔལ་འབྱོར་གྱི་གནས་ཚད་དེ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༠ ཡར་སེང་གཏང་སྟེ་ འབབ་ཁུངས་ཆེ་བའི་ དམིགས་གཏད་གྲུབ་ཚུགསཔ་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་བསྟར་གྱི་ དཔལ་འབྱོར་ཡར་འཕར་དེ་ བརྒྱ་ཆ་༨ བཏང་ཐོག་ལས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ འབབ་ཁུངས་ཆེ་བའི་གནས་ཚད་ནང་ ལྷོད་ནི་གི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཚུགས་ཟེར་ཨིན་པས།

དེ་ཡང་ ལོ་བསྟར་བཞིན་དུ་ ལྟ་བཤལ་༣༠༠,༠༠༠ དང་ ཕྱིའི་མ་རྩ་གཞི་བཙུགས་ དངུལ་ཀྲམ་ཐེར་འབུམ་༡༠༠ འཆར་གཞི་༡༣ པའི་ འཆར་གཞི་ཕྱི་ཁ་ལས་ གློག་མེ་ལས་འགུལ་གཞི་བཙུགས་འབད་ནི་འཆར་གཞི་ དེ་ལས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ གཞི་བཙུགས་འབད་ནི་ཨིན་མི་ལུ་བརྟེན་ དམིགས་གཏད་ཚུ་ འགྲུབ་ཚུགས་ཟེར་ ལས་སྐྱིད་རྡོ་རྗེ་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༢༤ ལུ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ དངུལ་ཀྲམ་ཐེར་འབུམ་༢༧༩.༧༥ དང་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ དངུལ་ཀྲམ་ཐེར་འབུམ་༥༥༩.༥ བཟོ་ནི་གི་ དམིགས་གཏད་བསྐྱེད་མི་དང་བསྟུན་ ལོ་བསྟར་བཞིན་དུ་ དཔལ་འབྱོར་ཡར་འཕར་ བརྒྱ་ཆ་༡༤ དེ་རེ་ གཏང་དགོཔ་ཨིན་པས།

དཔལ་འབྱོར་བརྒྱ་ཆ་༡༢ དང་༡༣ གྱི་བར་ན་ ཡར་སེང་གཏང་ནིའི་ཐད་ཁར་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འབྲུག་གིས་ གསར་སྒྲུབ་ཀྱི་ མ་དངུལ་ལེ་ཤ་བཙུགས་དགོ་པའི་ཁར་ སྒེར་སྡེ་ལས་སྡེ་འབྲེལ་འཛིན་གྱི་ སྲིད་བྱུས་ཚུ་ཡང་ བསྒྱུར་བཅོས་འབད་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་གི་དཔལ་འབྱོར་ཡར་འཕར་དེ་ འདས་པའི་ལོ་ཚུ་ནང་ མི་མང་ཟད་འགྲོ་བཏང་མི་ལུ་ རག་ལས་དོ་ཡོདཔ་ལས་ ཡུན་བརྟན་གནས་ཚུགས་པར་ ལཱ་ཁག་བཏངམ་ཨིན་པས།

འབྲུག་གི་ རྒྱལ་ཡོངས་འོང་འབབ་དང་ ཐོན་སྐྱེད་དེ་ འཆར་གཞི་༥ པའི་ནང་ བརྒྱ་ཆ་༢.༦ དང་ འཆར་གཞི་༩ པའི་ནང་བརྒྱ་ཆ་༣.༤ ཡར་སེང་འབད་མི་ལས་ འཆར་གཞི་༡༢ པའི་ནང་ བརྒྱ་ཆ་༢.༩ ལུ་ མར་བབས་སོང་ཡོདཔ་ཨིན་པས།

འཆར་གཞི་༡༢ པའི་ནང་ རྒྱལ་ཡོངས་འོང་འབབ་དང་ ཐོན་སྐྱེད་བརྒྱ་ཆ་༢.༩ དེ་ གཞུང་གིས་ དངུལ་ཀྲམ་༡ ཟད་འགྲོ་གཏང་པའི་སྐབས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ དངུལ་ཀྲམ་༢.༩ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།

འཆར་གཞི་༡༣ པའི་ནང་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཐོན་སྐྱེད་ཁྱད་པར་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༧༠༠ འབདཝ་ད་ ནང་འཁོད་ཐོན་སྐྱེད་འབོར་ལས་ བརྒྱ་ཆ་༩ འཐོན་ནི་བཟུམ་ཅིག་ཡོདཔ་ད་ ཁྲལ་ལུ་བརྟེན་པའི་འབབ་ཁུངས་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༡༢ ལས་༡༥ བར་ན་ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འདས་པའི་ལོ་ཚུ་ལས་ འགོ་བཙུགས་ཏེ་ འཆར་གཞི་རེ་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ཡང་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།

རྒྱ་གར་གཞུང་གིས་ འཆར་གཞི་རེ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་དེ་ འཆར་གཞི་༡ པའི་ནང་ བརྒྱ་ཆ་ལས་བརྒྱ་སྦེ་ མར་བབས་སོང་ཡོདཔ་ད་ འཆར་གཞི་༦ པའི་ནང་ བརྒྱ་ཆ་༤༢ དེ་ལས་ འཆར་གཞི་༡༡ པའི་ནང་ བརྒྱ་ཆ་༢༡ མར་བབས་སོང་ནུག།

འཆར་གཞི་༡༣ པའི་ནང་ གཞུང་གིས་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༥༡༢.༤༨ བགོ་བཀྲམ་འབད་མི་ལས་ རྒྱུན་སྐྱོང་གི་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༢༦༢.༤༨ དང་ གསར་སྒྲུབ་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༢༥༠ ཨིན་པས།

རྒྱལ་ཡོངས་འོང་འབབ་དང་ ཐོན་སྐྱེད་ དེ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ མར་འབབ་སོང་བའི་ གདོང་ལེན་ཡོདཔ་ད་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འབྲུག་གིས་ མི་མང་སྒེར་སྡེ་མཉམ་འབྲེལ་འབད་ནི་ གཙོ་རིམ་བཟུང་སྟེ་ གསར་བཏོན་དངུལ་འབྲེལ་འབད་ནི་ དང་ལེན་འབད་དགོཔ་ད་ སྒེར་སྡེ་བཅའ་མར་གཏོགས་ནི་དེ་ སེམས་ཤུགས་བྱིན་དགོཔ་དེ་ཡང་ རྒྱལ་ཁབ་ཀྱི་ རྩིས་ཆད་མར་ཕབ་འབད་དེ་ ལཱ་གཡོག་གི་གོ་སྐབས་བཟོ་ཐོག་ལས་ གཞུང་དང་ སྒེར་གྱི་བར་ན་ མཉམ་འབྲེལ་གོང་འཕེལ་གཏང་དོ་ཡོདཔ་ཨིན་པས།

སྲིད་བྱུས་བསྒྱུར་བཅོས་འབད་ནི་ཐད་ལུ་ བསོད་ནམས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ མི་མང་སྒེར་སྡེ་མཉམ་འབྲེལ་གོང་འཕེལ་གྱི་ ལས་འགུལ་ལག་ལེན་འཐབ་ནི་མ་ཚུགས་མི་གི་ གདོང་ལེན་དེ་ཡང་ གཙུག་སྡེ་བཟོ་བཀོད་སྣ་མང་དང་ གཞུང་ལྟེ་བ་ལས་ཆ་འཇོག་ལམ་ལུགས་ མི་མང་སྒེར་སྡེ་མཉམ་འབྲེལ་གོང་འཕེལ་སྐོར་ལས་ གོ་བ་བརྡ་སྤྲོད་ལེགས་ཤོམ་མེད་མི་ དེ་ལས་ གྲུབ་འབྲུས་བྱུང་བའི་ མིག་དཔེ་བཟང་པོ་ཅིག་ མེད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།

མི་མང་སྒེར་སྡེ་མཉམ་འབྲེལ་མཐར་འཁྱོལ་ཅན་ འགྱོ་ནིའི་དོན་ལུ་ བསོད་ནམས་ལྷུན་གྲུབ་དང་འཁྲིལ་བ་ཅིན་ གཞི་རྟེན་ལྕོགས་གྲུབ་ལྷན་ཐབས་དང་ ཁག་འབགཔ་བདེ་སྒྲིག་འབད་དགོཔ་ད་ ཚོང་འབྲེལ་གྱི་གནས་སྟངས་ལེགས་ཤོམ་བཟོ་ནི་ གཞུང་དབང་ལས་འཛིན་ལ་སོགས་པ་ཚུ་ གཞི་སྒྱུར་འབད་དགོ་ཟེར་ཨིན་པས།

དངུལ་ཁང་ཚུ་གིས་ དུས་ཅི་ འབྲུག་པའི་དཔལ་འབྱོར་བརྒྱ་ཆ་༤.༤ དང་ སང་ཕོད་བརྒྱ་ཆ་༧ ལུ་ ཡར་འཕར་འགྱོ་ནི་གི་ དམིགས་གཏད་བསྐྱེད་མི་དེ་ཡང་ ཞབས་ཏོག་དང་ ནུས་ཤུགས་ལས་སྡེ་ གོང་འཕེལ་འགྱོ་ནི་ཨིན་མི་ལུ་བརྟེན་ཨིན་པས།

དངུལ་རྩིས་ལྷན་ཁག་གིས་ དུས་ཅི་ དཔལ་འབྱོར་ཡར་འཕར་བརྒྱ་ཆ་༥.༦༨ དང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༨.༩༧ ཡར་འཕར་འགྱོ་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༡ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ འཕར་ཚད་དེ་ བརྒྱ་ཆ་༤.༤ དང་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༥.༢ དེ་ལས་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༣.༢ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

 

 

ཨོ་རྒྱན་རྡོ་རྗེ།

Advertisement