བཀྲིས་ཕུན་ཚོགས།

༉ ཐིམ་ཕུག་ལྕང་ཇི་ཇི་གི་ གཞུང་གི་སྡོད་ཁྱིམ་ནང་ ཞི་གཡོགཔ་ཚུ་གིས་ དགོངས་ཞུ་མ་འབད་ཚུན་ སྡོད་ཆོགཔ་ཨིན་ཟེར་ འདས་པའི་བདུན་ཕྲག་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུད་ལས་ཁང་ཚུ་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་བཀོད་ཚོགས་ཀྱིས་ ལྕང་ཇི་ཇི་གཞུང་གི་ སྡོད་ཁྱིམ་ནང་སྡོད་མི་ ཞི་གཡོགཔ་ཚུ་ དགོངས་ཞུ་མ་འབད་ཚུན་ སྡོད་ཆོག་ཟེར་ གྲོས་ཐག་བཅད་མི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱབ་སྣོན་འབད་དེ་ ཆ་འཇོག་གྲུབ་ཡོདཔ་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཡོདཔ་ཨིན་པས།

ལྕང་ཇི་ཇི་གཞུང་གི་སྡོད་ཁྱིམ་གྱི་ གླར་སྤྱོད་གན་རྒྱ་བསྐྱར་བཟོ་འབད་དགོཔ་སྦེ་ དངུལ་རྩིས་ལྷན་ཁག་གིས་ བཀོད་ཁྱབ་བཀའ་རྒྱ་གནང་མི་དང་འཁྲིལ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་བཀོད་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ དགོངས་ཞུ་མ་འབད་ཚུན་ སྡོད་གནས་ཀྱི་དོན་ལུ་གཞི་བཞག་སྟེ་ ས་དང་ཁྱིམ་གླ་སྤྱོད་བཅའ་ཁྲིམས་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།

དེ་སྦེ་ཐག་བཅད་དེ་ བཀོད་ཚོགས་ཀྱིས་ ཆ་འཇོག་གནང་ཐབས་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡོདཔ་ཨིན་རུང་ གཞུང་གི་སྡོད་ཁྱིམ་ནང་ གོ་སྐབས་ལེན་ཐབས་ལུ་ ཞི་གཡོགཔ་ཚུ་གིས་ ཚད་གཞི་དང་བསྟུན་ གནས་དགོཔ་ཨིན་པས།

བློན་ཆེན་གྱིས་ སླབ་མིའི་ནང་ ལྕང་ཇི་ཇི་གཞུང་གི་སྡོད་ཁྱིམ་ནང་ ཐིམ་ཕུག་ལུ་ ས་དང་ཁྱིམ་མེད་མི་དང་ འོང་འབབ་ཆུང་བའི་ ཞི་གཡོགཔ་ཚུ་ལུ་ གོ་སྐབས་འཐོབ་དགོཔ་སྦེ་ བཟོ་དགོཔ་ཨིན་ཟེར་ཨིན་པས།

རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ བཀོད་ཚོགས་ཀྱིས་ གཞུང་གི་ཁང་མིག་ནང་ ཞི་གཡོགཔ་ཚུ་སྡོད་ཐབས་ལུ་ གནད་དོན་ཁག་༢ གྲོས་འཆར་བཀོད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གལ་སྲིད་ གཞུང་ཁྱིམ་ནང་སྡོད་མི་ ཞི་གཡོགཔ་དེ་གི་ ཨམ་སྲུ་དང་ ཡང་ཅིན་ རྨགཔ་གང་རུང་ལུ་ ཐིམ་ཕུག་ཁྲོམ་སྡེའི་ནང་ རང་དབང་གི་སྒྲིང་ཁྱིམ་དང་ ཡང་ཅིན་ འོང་འབབ་མང་སུ་ཐོབ་མི་ཨིན་པ་ཅིན་ འོས་འབབ་མེད་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ རྨགཔ་དང་ ཨམ་སྲུ་གིས་ ཐོབ་མི་འོང་འབབ་ཚུ་ བརྟག་ཞིབ་འབད་ནི་ཨིནམ་ད་ དེའི་དོན་ལུ་ ཁ་གསལ་ཚུ་ བྱིན་དགོཔ་ཨིན་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་རིན་ཆེན་དབང་འདུས་ཀྱིས་ སླབ་ཨིན་པས།

དེ་སྦེ་ ཚད་གཞི་བཟོ་དགོ་མི་དེ་ཡང་ གཞུང་གི་སྡོད་ཁྱིམ་དེ་ འོང་འབབ་ཆུང་བའི་ ཞི་གཡོགཔ་ངེས་བདེན་ཚུ་ལུ་ འོས་འབབ་དང་ལྡནམ་སྦེ་ བྱིན་ནིའི་དོན་ལུ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།

དེ་འབདཝ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཀྱིས་ གཞུང་གི་སྡོད་ཁྱིམ་ནང་ ཞི་གཡོགཔ་ཚུ་གིས་ གོ་སྐབས་འཐོབ་ནིའི་དོན་ལས་ ཐབས་ཤེས་དང་ འཕྲུལ་རིག་རྣམ་པ་སྣ་ཚོགས་ཀྱི་སྒོ་ལས་ ཞིབ་དཔྱད་དང་ ལྟ་རྟོག་འབད་ནི་ཨིནམ་ད་ དེ་ཡང་ ཞི་གཡོགཔ་ཁོང་ར་གིས་ དྲང་བདེན་ཨིན་མེན་དང་ གཞུངམ་འབད་མ་འབད་ཚུ་ ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།

ལྕང་ཇི་ཇི་ལུ་ གཞུང་གི་སྡོད་ཁྱིམ་ནང་སྡོད་མི་ ཞི་གཡོགཔ་ཚུ་གིས་ ལོ་༢ ཚུན་ སྡོད་ཆོག་ནི་དང་ དེ་གི་ཤུལ་ལས་ འཕྲོ་མཐུད་དེ་ར་ སྡོད་ནི་ཨིན་པ་ཅིན་ བསྐྱར་གསོ་འབད་དགོཔ་ད་ དེ་འབདཝ་ད་ བསྐྱར་གསོ་མ་འབད་བའི་ཧེ་མར་ འོང་འབབ་དང་ རྒྱུ་དངོས་ཚུ་ཡང་ ཆ་གནས་འབད་ཆོགཔ་ད་ གལ་སྲིད་ ཆ་གནས་འབད་མ་ཚུགསཔ་སྦེ་ འཐོན་སོ་པ་ཅིན་ དེ་འཕྲོ་ལས་ འཐོན་འགྱོ་དགོཔ་ཨིན་པས།

ན་ཧིང་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ལོ་༢ ཚུན་ སྡོད་ཆོག་མི་དེ་ བསྐྱར་གསོ་འབད་བའི་ཤུལ་ ལོ་༡༠ ཚུན་ སྡོད་ཆོགཔ་སྦེ་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།

ཨིན་རུང་ རིན་ཆེན་དབང་འདུས་ཀྱིས་ དོགས་སེལ་འབད་མིའི་ནང་ ན་ཧིང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ལོ་༡༠ ཚུན་ སྡོད་ཆོགཔ་སྦེ་ ཁྱབ་བསྒྲགས་འབད་མི་དེ་ ཆ་མེད་ཨིནམ་ད་ ལས་འཛིན་གྱིས་ གནད་དོན་༢ བཀོད་མིའི་ གནད་དོན་དང་ ཚད་གཞི་ཚུ་ དགོས་མཁོ་དང་བསྟུན་ཏེ་ འགྲུབ་ཚུགས་པ་ཅིན་ ཞི་གཡོགཔ་ཚུ་གིས་ དགོངས་ཞུ་མ་འབད་ཚུན་ སྡོད་ཆོགཔ་ཨིན་ཟེར་ཨིན་པས།

ད་རེས་ ལྕང་ཇི་ཇི་གཞུང་གི་སྡོད་ཁྱིམ་ནང་ ཁང་ཚན་༧༠༠ ཡོདཔ་ད་ དེ་ནང་ ཉལ་ཁང་༢ གསང་སྤྱོད་ ཐབ་ཚང་ སྡོད་ཁང་ དེ་ལས་ སྟེང་སྒོ་རེ་ཡོདཔ་ཨིན་པས།

དེ་ཁར་སྡོད་མི་རེ་གིས་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༧,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།

ན་ཧིང་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཞི་གཡོགཔ་རྐྱངམ་གཅིག་གིས་ མ་དོ་བར་ ལས་འཛིན་དང་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་གིས་ཡང་ ལྕང་ཇི་ཇི་གཞུང་གི་སྡོད་ཁྱིམ་ནང་ སྡོད་ཐབས་ལུ་ གོ་སྐབས་ཚུ་ འདྲ་མཉམ་སྦེ་ ལེན་ཆོག་ཟེར་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།

ད་ལས་ཕར་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ཡང་ ལྕང་ཇི་ཇི་གཞུང་གི་སྡོད་ཁྱིམ་ནང་ སྡོད་ནིའི་གོ་སྐབས་འཐོབ་ཚུགས་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རིན་ཆེན་དབང་འདུས་ཀྱིས་ སླབ་ཡོད་པའི་གནས་ཚུལ།

Advertisement