༉ ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨོ་རྒྱན་དབང་ཕྱུག་མཆོག་གིས་ ལྕེ་ལི་ལ་ལུ་ བྱང་ཆུབ་མཆོད་རྟེན་གསར་སྒྲུབ་ཀྱི་ རབ་གནས་གནང་སར་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།

མཆོད་རྟེན་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་གནངམ་བཞིན་དུ་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་ སྐུ་འཁྲུངས་པའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ མཛད་བྱ་ཅིག་སྦེ་ བཞེངས་བཞེངསམ་ཨིན་པས།

བྱང་ཆུབ་མཆོད་རྟེན་དེ་ འཁོར་ལམ་ཡོད་སའི་ མཐོ་ཤོས་ཅིག་ཨིན་མི་ ལྕེ་ལི་ལ་ལུ་ བཞེངས་ཡོདཔ་ད་ ས་གནས་དེ་ཁ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ གནས་རྩ་ཅན་ ལེ་ཤ་ཅིག་ར་ མཇལ་ཚུགས་དོ་ ཡོདཔ་ཨིན་པས།

མཆོད་རྟེན་རབ་གནས་གནངམ་དང་འབྲེལ་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་གིས་ ས་གནས་དེ་ཁར་ མཆོད་རྟེན་ཅིག་ བཞེངས་གནང་པ་ཅིན་ འབྲུག་ཡུལ་སྲུང་སྐྱོབ་འབད་ནི་ ཨིནམ་མ་ཚད་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཚུགས་ཟེར་བའི་ ལུང་བསྟན་གནང་ཡོད་མི་དེ་ཡང་ བསྒྲུབས་ཡོདཔ་ཨིན་པས།

རབ་གནས་ཀྱི་ གསུང་ཆོ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་ཨིན་པས།

རབ་གནས་རྟེན་འབྲེལ་ནང་ མི་དབང་རྒྱལ་ཡུམ་ཚེ་རིང་གཡང་སྒྲོན་དབང་ཕྱུག་དང་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་ དེ་ལས་ མི་དབང་རྒྱལ་པོའི་སྲསམོ་ བདེ་ཆེན་དབྱངས་འཛོམས་དབང་ཕྱུག་ དེ་ལས་ ཡུམ་བསོད་ནམས་ཆོས་སྐྱིད་ཚུ་གིས་ གྲལ་བཞུགས་གནང་ཡོདཔ་ཨིན་པས།

མཆོད་རྟེན་བཟོ་སྐྲུན་འབད་མི་ ཚོགས་ཆུང་གི་འཐུས་མི་དང་ མཆོད་རྟེན་བཟོ་སྐྲུན་ནང་ གྲལ་གཏོགས་འབད་མི་ བདེ་སྲུངཔ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

མཆོད་རྟེན་བཞེངས་ནི་གི་ ལཱ་ཚུ་ཡང་ སྤྱི་ལོ་༢༠༢༡ ཟླ་༢ པའི་ནང་ལས་ འགོ་བཙུགས་ཏེ་ ད་ལྟོའི་ཟླཝ་ནང་ མཇུག་བསྡུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement