༉ གཞུང་གིས་ འཆར་གཞི་༡༣ པའི་ནང་ ལྟ་བཤལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤ ལས་ དངུལ་ཀྲམ་ཐེར་འབུམ་༡༥ བཟོ་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
དུས་ཅི་ ཟླཝ་༥ འི་ནང་འཁོད་ལུ་ ལྟ་བཤལཔ་ཚུ་གི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ལས་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༡༦.༢ བཟོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་འཐུས་མི་ ལྷ་པ་ཚེ་རིང་ཏ་མང་གིས་ ཞུ་མིའི་ནང་ འབྲུག་ལུ་ རྒྱལ་སྤྱི་དང་ལུང་ཕྱོགས་ཀྱི་ ལྟ་བཤལ་པའི་ གྱངས་ཁ་ཡར་འཕར་སོང་ཡོདཔ་ལས་ ལྟ་བཤལ་ལས་སྡེའི་ནང་ འབྲེལ་གཏོགས་འབད་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ དེད་གཡོགཔ་དང་ ལམ་སྟོན་པ་ དེ་ལས་ ཁྲོམ་ཁར་ ལྟ་བཤལཔ་ཚུ་འབག་ནི་གི་ སྣུམ་འཁོར་མ་ལང་པའི་དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ལས་ ལྟ་བཤལ་ལས་ཁུངས་ཀྱིས་ གནད་དོན་སེལ་ཐབས་ལུ་ ག་ཅི་ར་འབད་དོ་ཟེར་ དྲི་བཀོད་འབད་ཡི་།
འཐུས་མི་གིས་ ཞུ་མིའི་ནང་ རྩི་རང་ལུ་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ ལྟ་བཤལ་དང་འབྲེལ་བའི་ཐོན་སྐྱེད་ཀྱི་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ཁོ་གིས་འབད་རུང་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ ལྟ་བཤལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤ ལས་༡༥ བཟོ་ནི་གི་དམིགས་གཏད་བསྐྱེད་དེ་ཡོདཔ་ད་ ལོ་༡༠ གྱི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༧༥ དང་ དངུལ་ཀྲམ་ཐེར་འབུམ་༨༠ བཟོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ལྟ་བཤལ་ལས་སྡེའི་ནང་ མི་ངོམ་༥༠,༠༠༠ ལྷགཔ་ཅིག་ལུ་ ལཱ་གཡོག་བྱིན་ཏེ་ ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ གདོང་ལེན་ཚུ་བྱུང་རུང་ ལྟ་བཤལཔ་འོང་ནི་དེ་ ཡར་སེང་སོང་ཡོདཔ་ད་ སྤྱི་ཟླ་༥ པ་རྐྱངམ་གཅིག་ནང་ར་ ལྟ་བཤལཔ་༡༦,༦༠༠ རྒྱལ་ཁབ་ནང་ ལྷོད་ཡོདཔ་ད་ ཟླཝ་༥ འི་ནང་ ལྟ་བཤལཔ་༦༤,༩༤༡ འོང་ཡི་ཟེར་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཤར་ཕྱོགས་ལུང་ཕྱོགས་༥ འི་ནང་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱི་ ལས་སྣ་ཚུ་བརྩིས་ཏེ་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
ལྟ་བཤལཔ་དང་ ལྟ་བཤལཔ་མཁོ་མངགས་ཀྱི་ ཞབས་ཏོག་ཚུ་ སྒོ་ཕྱེས་ཏེ་ ལཱ་གཡོག་གི་གོ་སྐབས་ཐོག་ལས་ རྒྱལ་ཡོངས་ཁེ་ཕན་ལུ་ གཞུང་གིས་ གོང་འཕེལ་གྱི་ ལས་སྣ་༡༠ གཞི་བཙུགས་འབད་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ལྟ་བཤལ་ལམ་སྟོན་པ་༡,༧༧༧ དང་ ལྟ་བཤལ་ལས་སྡེ་༩༥༠ ཐི་རི་ཨིས་ཊར་ཟ་ཁང་༣༨༤ དེ་ལས་ གྲོང་ཁྱིམ་༡༢༠ ཡོདཔ་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ལྟ་བཤལ་གྱི་ སྣུམ་འཁོར་ནང་འདྲེན་འཐབ་ནི་ལུ་ བཀག་དམ་འབད་དེ་མེད་པའི་ཁར་ སྣུམ་འཁོར་ཚུ་ནང་ ཁྲལ་ཡང་ཡངས་ཆག་འབད་དེ་ ཡོད་ཟེར་ཨིན་པས།
འཐུས་མི་ལྷག་པ་ཚེ་རིང་ཏ་མ་གིས་ ཞུ་མིའི་ནང་ རྒྱལ་ཁབ་ནང་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཁེ་ཕན་འབྱུང་མ་ཚུགས་མི་དེ་ཡང་ རྒྱལ་སྤྱིའི་ལས་སྡེ་ཚུ་གིས་ ཚད་འཛིན་འབད་མི་དང་ ཕྱི་དངུལ་ཟུར་གསོག་ མར་བབས་སོང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལ་པའི་ སྲིད་བྱུས་གསརཔ་གིས་ ཉུང་མཐའ་ཉིན་བསྟར་ལྟ་བཤལ་ཚད་གཞི་མ་གཏོགས་ ལྟ་བཤལ་ལས་སྡེ་ ག་ར་ལུ་ ཕན་ཐོགས་བྱུང་ཚུགས་ཟེར་ཨིན་པས།
ཧེ་མའི་ ཉུང་མཐའ་ཉིན་བསྟར་ལྟ་བཤལ་ཚད་གཞི་ནང་ ལས་སྡེ་དག་པ་ཅིག་རྐྱངམ་གཅིག་ ཕན་ཐོགས་ཏེ་ཡོདཔ་ད་ ལྟ་བཤལཔ་གི་ བཅད་མཚམས་ནང་འཁོད་ལུ་ བཞག་སྟེ་ཡོདཔ་ལས་ སྡོད་ནི་ལུ་ ཚད་འཛིན་འབད་དེ་འདུག་ཟེར་ བློན་པོ་གིས་ ཞུ་ཡི།
གཏོང་དངུལ་མར་ཕབ་འགྱོ་བའི་ཐད་ལུ་ བློན་པོ་གིས་ ཞུ་མིའི་ནང་ དངུལ་རྩིས་ལྷན་ཁག་གིས་ གནས་སྟངས་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ དེ་གི་ བྱ་སྒོའི་ལམ་ལུགས་ དག་པ་ཅིག་ ལག་ལེན་འཐབ་དགོཔ་ཡོད་ཟེར་ཨིན་པས།
ད་རེས་ ཕྱི་དངུལ་མར་འབབ་འགྱོ་ནིའི་ ཉེན་ཁ་ཡོདཔ་ད་ འདས་པའི་ ཉུང་མཐའ་ཉིན་བསྟར་ལྟ་བཤལ་ཚད་གཞི་ནང་ ཏི་རུ་ཚུ་ ཐད་ཀར་དུ་ ལྟ་བཤལ་ལས་ཁུངས་ལུ་ བཏངམ་ཨིན་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement