༉ སྤྱི་ཟླ་༩ པའི་ཟླ་མཇུག་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ཕྱི་མི་ནང་སྐྱོད་ཀྱི་ ས་མཚམས་སྒོ་ར་དེ་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ འཐོན་འཛུལ་གྱི་དོན་ལུ་ སྒོ་ཕྱེ་ནི་ཨིན་པས།
ད་རེས་ནངས་པ་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ ཕུན་ཚོགས་གླིང་གི་ གཅིག་སྒྲིལ་ས་མཚམས་སྒོ་ར་མ་གཏོགས་ ས་གཞན་ཁ་ལས་ འཐོན་འཛུལ་འབད་ས་ མེདཔ་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་བློན་པོ་ ཌི་ཨེན་ དུང་གེལ་གྱིས་ སླབ་མིའི་ནང་ གཞུང་གིས་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་མཚམས་སྒོ་ར་ སྒོ་ཕྱེ་ནི་སྦེ་ གྲ་སྒྲིག་འབད་ཡོདཔ་བཞིན་དུ་ རྒྱ་གར་གྱི་ཁ་ཐུག་ལས་ གྲ་སྒྲིག་འགྱོ་ནིའི་དོན་ལུ་ བསྒུགས་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ རྒྱ་གར་གཞུང་དང་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ཀྱིས་ རྒྱལ་སྤྱའི་ས་མཚམས་སྒོ་ར་དེ་ ད་རེས་ཀྱི་ ཟླ་མཇུག་ཁམས་ལུ་ གྲ་སྒྲིག་འགྱོ་ནི་སྦེ་ སྙན་ཞུ་འབད་དེ་ ཡོད་ཟེར་ཨིན་པས།
རྒྱ་གར་གྱི་ གཞུང་ཚབ་ཀྱིས་ རྒྱ་འབྲུག་༢ ཀྱིས་ གཞུང་འབྲེལ་ཐོག་ ས་མཚམས་སྒོ་ར་ སྒོ་ཕྱེ་ནི་གི་ དམིགས་བསལ་གྱི་ ཚེས་གྲངས་ཅིག་ གཏན་འཁེལ་བཟོ་དགོཔ་འོང་ཟེར་ སླབ་སྟེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐོན་འཛུལ་སྒོ་ར་དེ་ ད་རེས་ཀྱི་ཟླ་མཇུག་ལས་ ལག་ལེན་འཐབ་ཚུགས་ནི་ཨིན་རུང་ རྒྱ་གར་གྱི་ ཁ་ཐུག་ལས་ གྲ་སྒྲིག་འགྱོ་ནི་ལུ་ བསྒུགས་ཏེ་ཡོད་ཟེར་ཨིན་པས།
རྒྱ་གར་གྱི་ རྒྱལ་སྤྱི་སྒོ་ར་དེ་ འབྲུག་གི་རྒྱལ་སྤྱི་སྒོ་ར་ལས་ མི་ཊར་༥༠༠ འི་ས་ཁར་ ཨ་སམ་མངའ་སྡེ་ བོ་དོ་ལེན་ བཱསི་ས་རྫོང་ཁག་ དཱ་རང་ག་ལུ་ ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ རྒྱལ་སྤྱིའི་སྒོ་ར་དེ་ མཇུག་བསྡུ་ནིའི་གུ་ ལྷོད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ འགོ་འབྱེད་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གཅིག་སྒྲིལ་སྒོ་ར་གིས་ མི་དང་མི་གི་བར་ན་ མཐུད་འབྲེལ་ཡར་དྲག་དང་ རྒྱལ་ཁབ་༢ ཀྱི་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ ཟ་ཁང་བཙུགས་སྡོད་མི་ཅིག་གིས་ སླབ་མིའི་ནང་ ནད་ཡམས་ཐོན་པའི་ཤུལ་ལས་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོགས་ཏེ་ཡོདཔ་ལས་ ས་མཚམས་སྒོ་ར་ སྒོ་ཕྱེ་བ་ཅིན་ ཤར་ཕྱོགས་རྫོང་ཁག་ག་ར་ལུ་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཨིན་རུང་ ས་གནས་ཀྱི་མི་ཚུ་གིས་ བཤད་མིའི་ནང་ ས་མཚམས་སྒོ་ར་ སྒོ་ཕྱེ་མི་དེ་ མ་ལངམ་ཅིག་འོང་ནི་ཨིནམ་ད་ གཞུང་གིས་ གཞུང་ལམ་བདའ་སྟེ་ གཞི་རྟེན་མཐུན་རྐྱེན་ གོང་འཕེལ་གཏང་ནི་ལུ་ མ་རྩ་གཞི་བཙུགས་འབད་དགོཔ་ཡོདཔ་ད་ ད་རེས་ནངས་པ་ ཟ་ཁང་ཚུ་ ལངམ་སྦེ་ཡོད་རུང་ མཐུན་རྐྱེན་མེད་པའི་ དཀའ་ངལ་ཐོན་ཏེ་ ཡོད་ཟེར་ཨིན་པས།
ཟ་ཁང་བཙུགས་སྡོད་མི་ གཞན་ཅིག་གིས་ སླབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་བཤལ་ལྷན་ཐབས་འབད་དགོ་པ་ཅིན་ གཞུང་གིས་ ལྟ་བཤལཔ་མངམ་འོང་ཐབས་ལུ་ སེམས་ཤུགས་མཐུན་རྐྱེན་ ཡུན་བརྟན་གོང་འཕེལ་འཐུས་ བརྒྱ་ཆ་༥༠ མར་ཕབ་འབད་དེ་ བྱིན་དགོཔ་འདུག་ཟེར་ཨིན་པས།
བྱང་ཤར་གྱི་ རྒྱ་གར་ལྟ་བཤལཔ་ཚུ་ འབྲུག་ལུ་ འོང་བཅུག་ནི་ལུ་ འོས་འབབ་སྦོམ་ཡོདཔ་ད་ དེ་ཡང་ ཁོང་ཆ་ཁྱབ་ འབྲུག་ལུ་འོང་ནི་ལུ་ སྤྲོ་བ་སྦོམ་ཡོད་མི་ལུ་བརྟེན་ཨིནམ་ད་ གཞུང་གིས་ ལུང་ཕྱོགས་ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ སེམས་ཤུགས་མཐུན་རྐྱེན་ཚུ་ ལག་ལེན་འཐབ་དགོ་ཟེར་ ཟ་ཁང་བཙུགས་སྡོད་མི་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ འཆར་གཞི་༡༣ པའི་ ཡན་ལག་ཅིག་སྦེ་ ཤར་ནུབ་གཞུང་ལམ་ རྒྱ་སྐྱེད་འབད་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མི་སྡེའི་དཔལ་འབྱོར་མརྡ་མཚོན་སྙན་ཞུ་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་དང་པ་ལས་༦ པའི་ནང་འཁོད་ལུ་ འབྲུག་ལུ་ ལྟ་བཤལཔ་༧༥,༦༠༨ འོང་མིའི་གྲས་ལས་༢༣,༡༠༠ རྒྱལ་སྤྱི་ལྟ་བཤལཔ་དང་༥༢,༥༠༨ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ གནས་སྡུད་དང་འཁྲིལཝ་ད་ ལྟ་བཤལཔ་བརྒྱ་ཆ་༧༠ རྒྱ་གར་གྱི་ མི་ཁུངས་ཚུ་ཨིན་པས།
གཞུང་གིས་ ས་མཚམས་སྒོ་ར་ཚུ་ སྒོ་ཕྱེ་སྟེ་ ངང་ལམ་དང་ དགེ་ལེགས་ཕུག་ བསམ་རྩེ་ པཱན་སྦང་ དེ་ལས་ ཇོ་མོ་གཙང་ཁ་ཚུ་ནང་ ལྟ་བཤལཔ་ཚུ་གི་དོན་ལུ་ འཐོན་འཛུལ་བཟོ་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ ད་རུང་ ས་མཚམས་ཁྲོམ་ཚུ་ནང་ ཁ་སྐོང་འཐོན་འཛུལ་ས་གོ་ རྐྱབ་ནིའི་དོན་ལུ་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།