༉ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ བློན་ཆེན་གྱི་ བཀོད་ཁྱབ་བཀའ་རྒྱ་ལྟར་དུ་ གཞུང་གིས་ ཞལ་འཛོམས་འཚོགས་ནི་དང་ གཞུང་འབྲེལ་གྱི་ ལཱ་འབད་དགོ་པའི་རིགས་ཚུ་ རྫོང་ཁའི་ནང་ ཤུགས་བཏོན་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།
དེ་ཡང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཐིམ་ཕུག་ལུ་སྦེ་ འཆར་གཞི་༡༣ པའི་ མཉམ་འབྲེལ་ཞལ་འཛོམས་འཚོགས་པའི་སྐབས་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ ནཱ་རོ་རྒཔོ་ མགོནམ་ཚེ་རིང་གིས་ བཤད་མིའི་ནང་ བློན་ཆེན་གྱི་ བཀོད་ཁྱབ་བཀའ་རྒྱ་དེ་ དུས་ཚོད་ཁར་གནང་སྟེ་འབད་རུང་ འདི་ཚུ་ལག་ལེན་ཐད་ཁར་ དེ་ཅིག་ར་མིན་འདུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྫོང་ཁ་དེ་ འབྲུག་པའི་ལམ་སྲོལ་གྱི་ གཞི་འགྱམ་བཟུམ་ཅིག་ཨིནམ་ལས་ ལས་སྡེ་ག་ར་གིས་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
བཀོད་ཁྱབ་བཀའ་རྒྱ་གནང་སྟེ་འབད་རུང་ ལག་ལེན་འཐབ་མི་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ནང་སྲིད་ལྷན་ཁག་དང་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ དེ་ལས་ གྲྭ་ཚང་ལྷན་ཚོགས་ཚུ་ལུ་ ཕོག་པའི་འགན་ཁུར་ཅིག་ཨིནམ་ད་ ཁོང་གིས་ ལྟ་རྟོག་འབད་མི་དགོ་ག་ཟེར་ བཤད་ཡོདཔ་བཞིན་དུ་ གཞན་ཡང་ ད་རེས་མཉམ་འབྲེལ་ཞལ་འཛོམས་ཀྱི་ སྐབས་ལུ་ཡང་ གྲོས་གཞི་ཚུ་ག་ར་ ཨིང་སྐད་ཀྱི་ཐོག་ལུ་ བཟོ་ནུག་ཟེར་ཨིན་པས།
མགོནམ་ཚེ་རིང་གིས་ མ་གཞི་ ཨིང་སྐད་དེ་ གལ་ཆེཝ་སྦེ་ཡོད་རུང་ རྫོང་ཁ་དེ་ལུ་ གོ་སྐབས་མངམ་ བཞག་དགོ་ཟེར་ཨིན་པས།
དགའ་སེང་ཚོ་གོངམ་གི་རྒཔོ་ ཕྱག་རྡོར་གྱིས་ སློབ་གྲྭ་ཚུ་ནང་ལས་ཕར་ རྫོང་ཁ་སློབ་དཔོན་མ་ལང་པའི་དཀའ་ངལ་དང་ སློབ་ཕྲུག་ཨ་ལོ་ཚུ་ རྫོང་ཁའི་ཆོས་ཚན་ནང་ མཐར་འཁྱོལ་མིའི་གྱངས་ཁ་ མར་བབས་སོང་མི་དེ་ལུ་ ཚ་གྱང་ཡོད་ལུགས་ཀྱི་ ཞུ་བ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ནང་སྲིད་ལྷན་ཁག་གིས་ རྫོང་ཁའི་ཐོན་རིམ་ཚུ་ པར་སྐྲུན་དང་ ཨང་ཅན་གྱི་ཐོག་ལས་ མི་མང་གིས་ ཐོབ་ཐབས་ཡོདཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཨིང་སྐད་དང་ཕྱདཔ་ད་ རྫོང་ཁ་དེ་ སྣང་མེད་མཚམས་ཅིག་སྦེ་ ལུས་ཏེ་འདུག་ཟེར་ཨིན་པས།
རྒཔོ་ཕྱག་རྡོར་གྱིས་ རྫོང་ཁ་གོང་འཕེལ་གྱི་དོན་ལུ་ ལཱ་ཚུ་སྒེར་སྡེ་ལུ་བྱིན་ནི་དང་ འདི་དང་འབྲེལ་བའི་ལས་སྣ་ཚུ་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ འབད་དགོཔ་འདུག་ཟེར་ཨིན་པས།
ནང་སྲིད་བློན་པོ་ ཚེ་རིང་གིས་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ མི་མང་ལས་ རྒྱབ་སྐྱོར་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་དང་ ལས་སྡེ་གཞན་ཚུ་གིས་ རྫོང་ཁ་ལག་ལེན་འཐབ་མི་ལུ་ ངལ་རངས་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ཡོད་པའི་རྫོང་ཁ་གིས་ དེ་ཅིག་ར་ ཡར་དྲག་འགྱོ་མི་ཚུགས་ནི་ཨིནམ་ལས་ ལྷན་ཁག་གིས་ བློན་ཆེན་གྱི་བཀའ་རྒྱ་དང་འཁྲིལ་ཏེ་ བསྟར་སྤྱོད་འབད་ནི་ཨིན་ཟེར་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ ཨང་ཅན་ཐོག་ རྫོང་ཁའི་ཤེས་ཡོན་སྤེལ་ཐབས་ལུ་ དངུལ་ཀྲམ་ས་ཡ་༢༠བཞག་སྟེ་ཡོད་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་རུང་ འགན་ཁུར་འབག་སྟེ་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ཁྱིམ་ནང་ རྫོང་ཁ་ལྷབ་སྦྱང་འབད་བཅུག་དགོ་ཟེར་ཨིནམ་ད་ དེ་གིས་ སློབ་དཔོན་ཚུ་ སློབ་ཁང་ནང་ ལཱ་འཇམ་ཏོང་ཏོ་བཟོ་ཚུགས་ཟེར་བཤད་པའི་ཁར་ སྤྱིར་བཏང་ཕམ་ཚུ་གིས་ ཁོང་རའི་ ཨ་ལོ་ཚུ་དང་གཅིག་ཁར་ ཨིང་སྐད་དེ་ར་ སླབ་སྡོདཔ་མས་ཟེར་ཨིན་པས།
ལ་ལོ་ཅིག་གིས་འབད་བ་ཅིན་ སློབ་གྲྭ་ནང་ རྫོང་ཁའི་ཆོས་ཚན་ ཡར་སེང་འབད་ནི་དང་ གཞི་རིམ་སློབ་གྲྭ་ནང་ལས་ར་ སྡེབ་སྦྱོར་གྱི་ སྦྱང་བ་འབད་བཅུག་ནི་ དེ་ལས་ རྫོང་ཁའི་སློབ་ཚན་ནང་ ལྷབ་སྦྱང་༢ ཆ་ར་ སྤྲོ་བ་ཅན་སྦེ་ བཟོ་དགོཔ་འདུག་ བཤད་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement