༉ སྐྱེས་ལོ་༢༦ ལང་མི་ པེ་རིམ་ བྷ་དུར་རའེ་གིས་ སྤྱི་ལོ་༢༠༡༩ ལུ་ ཁོ་རའི་བཟའ་ཚང་ཚུ་ རྡོ་རྗེ་རྩེ་ ཅཱར་ག་རི་ལས་ གསར་སྤང་ རྟ་རས་ཐང་ རྡོ་རྗེ་རྩེ་ སེངྒེ་ད་ར་ལུ་ སྤོ་བཤུད་འབད་བའི་སྐབས་ ཐོག་ཚད་༡ འབད་མི་ སྡོད་ཁྱིམ་ཅིག་ རྐྱབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
པེ་རིམ་ བྷ་དུར་རའེ་དེ་ མཐའ་ཟུར་གཡུས་ཚན་ལས་ དགེ་ལེགས་ཕུག་-རྟ་རས་ཐང་གཞུང་ལམ་བདའ་སྟེ་ སྤོ་བཤུད་འབད་མི་ གུང་པ་༧ ཡོད་མིའི་གྲས་ལས་ གཅིག་ཨིནམ་ད་ དེ་ཡང་ རྟ་རས་ཐང་རྒྱལ་སྲུང་བཟའ་འཐུང་ཉེན་སྲུང་ བཟོ་སྐྲུན་འབད་མི་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལས་འགུལ་ བཟོ་མི་ལུ་བརྟེན་ཨིན་པས།
རྒྱུན་བརྟན་དང་ ཉེན་སྲུང་ཅན་གྱི་སྡོད་ཁྱིམ་ཅིག་ རྐྱབ་ནིའི་དོན་ལས་ པེ་རིམ་ བྷ་དུར་རའེ་གིས་ དངུལ་ཀྲམ་ས་ཡ་༣.༥ སྦེ་ ས་ཆ་ཌིསི་༥༠ བཙོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་འབད་ནིའི་དོན་ལུ་ གནང་བ་བསྒུགས་ཏེ་ཡོདཔ་ད་ ད་རེས་ནངས་པ་ ཁྱིམ་རྐྱབ་ནི་ བཀག་ཆ་འབད་མི་དེ་ སྤྱི་ཟླ་༡༠ པའི་ནང་ ཡངས་ཆག་གཏང་ནི་གི་ ལོ་རྒྱུས་འདུག་ཟེར་ཨིན་པས།
པེ་རིམ་ བྷ་དུར་རའེ་ལུ་ ས་ཨེ་ཀར་༣ དང་ ཌིསི་༧༠ ཡོད་མི་ལས་ ཌིསི་༥༠ ནང་ རྡོག་མ་ཤིང་༧༠ དང་ ཧུམ་ཅུང་ཤིང་༥༠ ཨམ་ཅུ་ཀུ་ལི་ གུ་ལི་ཤིང་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
གནམ་དགུན་ལུ་ ཤིང་འཛུགས་སྐྱོང་འཐབ་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་བཙུགས་ཏེ་ རྩྭ་བརྔ་ནི་གི་ ལས་རིམ་ཡོདཔ་ད་ ས་ཆ་དེ་ནང་ རྡོག་མ་ཤིང་ཚུ་ བཙུགས་ནི་ལུ་ ལྕངམ་གྲ་སྒྲིག་འབད་དེ་ ཡོདཔ་ཨིན་པས།
ལོ་ལས་བཅད་དེ་ མཐའ་ཟུར་ནང་ མི་དང་རི་དྭགས་སེམས་ཅན་དང་འབྲེལ་བའི་ དཀའ་ངལ་ནང་ སྡོད་ཡོདཔ་ལས་ ད་རེས་ ས་གནས་གཞན་ཁར་ སྤོ་བཤུད་འབད་མི་གིས་ འཇོན་ཐངས་ཅན་གྱི་ཐབས་ལམ་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
ས་ཆ་ནང་ སྡོད་ནི་རྐྱངམ་གཅིག་མེན་པར་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་དང་ གཞི་རྟེན་ལེགས་ལྡན་དང་ སྐྱེལ་འདྲེན་ དེ་ལས་ དེང་སང་གི་ མཐུན་རྐྱེན་ཚུ་གི་དོན་ལུ་ཨིན་པས།
ཧེ་མའི་གཡུས་ཚན་ནང་ འཁོར་ལམ་དང་ བརྒྱུད་འཕྲིན་དང་ གློག་མེ་གི་ ཞབས་ཏོག་ཚུ་མེད་པའི་ཁར་ ས་གྱེན་དང་ ཁྱིམ་ཚུ་ཡང་ ནགས་ཚལ་ནང་ ཁ་གཏོར་ཏེ་ཡོདཔ་ལས་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ད་རེས་ འུང་ཆི་ལོ་ལུ་སྡོད་མི་ ཀར་ཀ་ བྷ་དུར་རའེ་ཡང་ ས་གནས་གཞན་ཁར་ སྤོ་བཤུད་འབད་མི་ལུ་བརྟེན་ ཉེན་སྲུང་དང་ དགའ་སྤྲོ་བྱུང་སྟེ་ཡོདཔ་ད་ ལོ་༤ གི་ཧེ་མར་ རྡོ་རྗེ་རྩེ་ ཅཱར་ག་རི་ལུ་ སྡོད་པའི་སྐབས་ མི་ཚེ་དེ་ མ་འདྲཝ་སྦེ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉི་དྲོད་ལུ་བརྟེན་ སྡོད་ཡོདཔ་མ་ཚད་ མི་སྡེ་ནང་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ལེགས་ཤོམ་མེདཔ་ལས་ བརྒྱུད་འཕྲིན་གཏང་ནིའི་དོན་ལས་ དུས་ཡུན་སྐར་མ་༤༠ དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་ཐོན་ཡོདཔ་ད་ གནམ་མེད་ས་མེད་ ཚ་དྲོད་ཡོད་ཡོད་རུང་ སྤང་ནང་མེ་འཕུ་སྟེ་ ལྟོ་འབད་བཟའཝ་ཨིན་ཟེར་ཨིན་པས།
ས་མཚམས་བདའ་སྟེ་ ཤ་བདའ་མི་ཚུ་གིས་ ཀྲོབ་བདའ་རྐྱབ་དོ་ཡོདཔ་ལས་ ཉིན་ནུབ་མེད་པར་ འདྲོག་འབྱེལ་ཐོག་ལུ་ སྡོད་ཡོདཔ་ད་ ད་རེས་ ང་བཅས་ག་ར་ ས་མཚམས་ལྟ་རྟོག་དམ་སྒྲིང་ཐོག་ལུ་ཡོདཔ་ལས་ རྒྱལ་སྲུང་ལས་འགུལ་ལུ་བརྟེན་ དགའ་ཚོར་སྦོམ་ཡོད་ཟེར་ ཀར་ཀ་ བྷ་དུར་རའེ་གིས་ བཤདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ འཚོ་བ་སྐྱོང་ནིའི་དོན་ལུ་ ཚལ་ལུ་དང་ སྒོ་ནོར་སེམས་ཅན་ལུ་ བརྟེན་སྡོད་ཡོད་རུང་ ད་རེས་ སོ་ནམ་པ་ཚུ་ ལོ་ཐོག་ཚུ་ དམིགས་བསལ་དུ་ གླངམོ་ཆེ་ཚུ་ སྲུང་དགོཔ་མི་ཐོན་དོ་ཡོདཔ་ཨིན་པས།
བཟའ་ཚང་གི་ ས་ཆ་ཨེ་ཀར་༥ དང་ ཌིསི་༤༤ དེ་ ཁོང་སྤུན་ཆ་༡༠ ལུ་ བགོ་བཤའ་རྐྱབ་སྟེ་ ད་རེས་ རྡོག་མ་ཤིང་དང་ ཚོད་བསྲེ་ ཨ་ལཱན་ཅི་ ཤིང་འབྲས་ ཨམ་ཅུ་ཀུ་ལི་དང་ ངང་ལག་ གུ་ལི་ ཧུམ་ཅུང་ལ་སོགས་པ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༡.༢ ཐོབ་ཡོདཔ་ཨིན་པས།
རྡོ་རྗེ་རྩེ་ཚོགས་པ་ ཧ་རི་ རའེ་གིས་ གཡུས་ཚན་གསརཔ་ནང་ གཏན་འཇགས་ཀྱི་ ཁྱིམ་ཅིག་རྐྱབ་ཡོད་པའི་ ཆུ་ཤོག་ཁྱིམ་ནང་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འཐབ་སྟེ་ཡོདཔ་མ་ཚད་ ཤིང་འབྲེལ་དང་ ཨ་ལཱན་ཅི་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གླངམོ་ཆེ་ཚུ་ལུ་བརྟེན་ ཚལ་ལུ་དང་ རྡོག་མ་ཤིང་ དེ་ལས་ རེད་རྐྱངམ་གཅིག་ འཛུགས་སྐྱོང་འཐབ་དོ་ཡོདཔ་ད་ ད་རེས་ མི་དང་རི་དྭགས་སེམས་ཅན་བར་ནའི་ དཀའ་ངལ་དེ་ མར་ཕབ་སོང་སྟེ་ཡོད་ཟེར་ཨིན་པས།
གསོ་བའི་ཞབས་ཏོག་ཚུ་ ཉེ་འདབས་ལུ་ཡོདཔ་ལས་ གསོ་བའི་ཞབས་ཏོག་ཚུ་ཡང་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་དོ་ཡོདཔ་ད་ གཡུས་ཚན་གསརཔ་དེ་ སློབ་གྲྭའི་སྦོ་ལོགས་ཁར་ཡོདཔ་ལས་ ཨ་ལོ་ཚུ་ རྐང་སྟོང་སྦེ་ འགྱོ་མི་དགོ་དོ་ཡོདཔ་ཨིན་པས།
འུང་ཆི་ལོ་ལས་ སྐྱེས་ལོ་༧༦ ལང་མི་ གར་ཇ་མཱན་རའེ་གིས་ སླབ་མིའི་ནང་ ད་རེས་ གཞུང་ལམ་གྱི་མཐུན་རྐྱེན་དང་ གསོ་བའི་ལྟེ་བ་ སློབ་གྲྭ་ དེ་ལས་ རྒེད་འོག་ལྟེ་བ་ཚུ་ ཐོབ་སྟེ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒེད་འོག་ལྟེ་བའི་ནང་ འགྱོ་ནིའི་དོན་ལས་ ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོཔ་མ་ཚད་ གནམ་བྱཱར་ལུ་ སྣུམ་འཁོར་ཡང་ མི་ཐལ་ཟེར་ཨིན་པས།
ཧེ་མ་ རྡོ་རྗེ་རྩེ་ ཅཱར་གར་རི་ལུ་ གུང་པ་༧ ཡོད་མི་དེ་ ད་རེས་ བཟའ་ཚང་༧༡ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ གཡུས་ཚན་དེ་ནང་ ས་ཚབ་ལེན་ཏེ་ རྒེད་འོག་ལྟེ་བའི་ཉེ་འདབས་དང་ ས་གནས་ལེགས་ཤོམ་ཅིག་ནང་ སྤོ་བཤུད་འབད་བའི་ཁར་ ས་གནས་ཀྱི་མི་ཚུ་གིས་ ཏི་རུ་དང་འབྲེལ་བའི་ རྒུད་འཐུས་ཚུ་ཡང་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement