༉ གསར་སྤང་རྫོང་ཁག་ནང་ སྐྱེས་ལོ་༧༢ ལང་མི་ དམག་མི་བགྲེསཔ་ ཏུ་ལ་རམ་ ཏི་བ་རི་དང་ ཁོ་རའི་གནས་ཚང་ སྐྱེས་ལོ་༦༥ ལང་མི་ དམ་བ་རི་ཏི་བ་རི་ བཟའ་ཚང་གཉིསཔོ་དེ་ གཤོམ་སྤང་ཁ་རྒེད་འོག་ མཐོང་ཇ་ཛོར་གཡུས་ཚན་ལས་ཨིནམ་ད་ ཁོང་གིས་འབད་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ལུ་ གནམ་ནུབ་མོ་ གཉིད་ལོག་མ་ཚུགས་པར་ སྡོད་དོ་ཟེར་ཨིན་པས།
ཁོང་རའི་ ཁྱིམ་ཐོག་གཅིག་འབད་མི་དེ་ སོ་ནམ་ཞིང་ལམ་གྱི་ལྟག་ལུ་ མི་ཊར་༥༠དེ་ཅིག་གི་ས་ཁར་ རྐྱབ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ས་རུད་ཆད་མི་གིས་ ཁོང་གི་ཁྱིམ་དང་ ཚེ་སྲོག་ལུ་ འཇིགས་སྣང་བྱུང་སྟེ་ཡོད་ཟེར་ཨིན་པས།
ས་རུད་ཆད་འོང་ཞིནམ་ལས་ ང་གིས་ ཉིནམ་གསུམ་གྱི་རིང་ ཆརཔ་ཤུགས་སྦེ་རྐྱབ་མི་དེ་ མ་ཆད་ཚུན་ ས་ཁོངས་གཞན་ཅིག་ནང་ སོང་སྡོད་ཅི་ཟེར་ ཏུ་ལ་རམ་ཏི་བ་རི་གིས་ བཤད་པའི་ཁར་ ཁོ་ར་ དམག་སྡེ་ནང་ལས་ དགོངསམ་ཞུ་ཞིནམ་ལས་ ས་གནས་ནང་སྡོད་དེ་ ལོ་༡༣ ལང་ཡོདཔ་ད་ ལམ་ཚུ་ཡང་ ཚར་༢ དེ་རེ་ ས་བསྐང་ཐོག་ལས་ བཅོ་ཁ་རྐྱབ་ཡོད་རུང་ དེ་གི་ནངས་པར་ ཆརཔ་གིས་ ག་ར་འཕྱགས་བདའཝ་མས་ཟེར་ཨིན་པས།
ས་ཁོངས་ནང་ ས་ཆའི་འཕྲུལ་ལས་བཟོ་རིག་འགོ་དཔོན་གྱིས་ ས་རུད་བཀག་ཐབས་ལུ་ ཐབས་བྱུས་གསརཔ་ཚུ་བཏོན་ཡོདཔ་ད་ ཕྱོགས་སོ་སོ་ཅིག་ནང་ བཙོག་གཡུར་གྱི་ཟུར་ཁ་ལས་ གྱང་རྩིག་ཚུ་ཡང་ རྐྱབ་ཅི་ཟེར་ཨིན་པས།
དེ་བཟུམ་གྱི་ ཐབས་རིག་ཚུ་བཏོན་ཞིནམ་ལས་ ཁོང་བཟའ་ཚང་གཉིས་ལུ་ ཉེན་སྲུང་ཡོདཔ་སྦེ་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ ཐབས་རིག་གསརཔ་དེ་གིས་ ས་རུད་ཆད་ནི་ལས་ བཀག་ཐབས་འབད་ཚུགས་ནི་ཨིནམ་ད་ ཐབས་བྱུས་དེ་ སྒྲིང་སྒྲི་ཡོདཔ་སྦེ་ ཚོརཝ་མ་ཚད་ ཉེན་སྲུང་དང་ལྡནམ་སྦེ་འདུག་ཟེར་ ཏུ་ལ་རམ་ཏི་བ་རི་གིས་ བཤདཔ་ཨིན་པས།
སྐྱེ་ལྡན་བཟོ་རིག་འགོ་དཔོན་གྱིས་ ས་ཆ་གོང་འཕེལ་ཐབས་རིག་ནང་ ས་ཆ་སྒྲིང་སྒྲི་མེད་མི་ཚུ་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ ཚར་དང་ སྤག་ཤིང་ལག་ལེན་འཐབ་ཡོདཔ་ད་ མཐའ་འཁོར་ཡུན་བརྟན་ལམ་ལུགས་ཀྱིས་ ས་ཆ་གོང་འཕེལ་འཛིན་སྐྱོང་ ཐབས་བྱུས་ལུ་བརྟེན་ ཉེན་སྲུང་འབད་ཚུགསཔ་ཨིན་པས།
སྐྱེ་ལྡན་བཟོ་རིག་ཐབས་བྱུས་ ལག་ལེན་འཐབ་དགོ་མི་དེ་ཡང་ གནམ་གཤིས་སྔོ་ལྗང་མ་དངུལ་ལས་སྡེའི་ རྒྱབ་སྐྱོར་ཐོག་ལས་ ས་ཆ་ཡུན་བརྟན་འཛིན་སྐྱོང་འཐབ་ཡོདཔ་ད་ མི་སྡེ་ཚུ་གིས་འབད་རུང་ འདི་བཟུམ་གྱི་ཐབས་བྱུས་ནང་ བཅའ་མར་གཏོགས་ཏེ་ ས་རུད་ཆད་སའི་ས་ཁོངས་ཚུ་ནང་ ཤིང་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
གཤོམ་སྤང་ཁ་དམངས་མི་ ཨཤ་མཱན་རའེ་གིས་ བཤད་མིའི་ནང་ ཐབས་བྱུས་དེ་གིས་ ཡུན་བརྟན་ཅན་དང་ ཟད་འགྲོ་མར་ཕབ་འབད་ཚུགས་ཏེ་ ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ མི་སྡེ་ལུ་ འདི་བཟུམ་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ལས་ ཁོང་གིས་ གནད་དོན་ཚུ་ ཧ་གོ་སྟེ་ ཕན་ཐོགས་ཡོད་ལུགས་ཚུ་ཡང་ ཤེས་ནུག་ཟེར་ཨིན་པས།
ལས་འགུལ་གྱིམ་ ཐབས་བྱུས་གསར་པའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥༠,༠༠༠ཟད་འགྲོ་བཏང་ཡོདཔ་ད་ ཤིང་རིགས་ཚུ་ སྦོམ་འགྱོ་བའི་བསྒང་ལས་ ས་ཆ་སྒྲིང་སྒྲི་འགྱོ་དོ་ཡོདཔ་ད་ དེ་གིས་ ས་རུད་དང་ ས་ཆད་དེ་འོང་མི་ཚུ་ལས་ བཀག་ཐབས་འབད་ཚུགས་པས་ཟེར་ ཨཤ་མཱན་རའེ་གིས་ བཤདཔ་ཨིན་པས།
གསར་སྤང་རྫོང་ཁག་གིས་ ལས་འགུལ་དེ་ སྤྱི་ལོ་༢༠༢༤ དང་༢༠༢༥ འི་རྩིས་ལོ་ནང་ རྒེད་འོག་༡༢ ནང་ལག་ལེན་འཐབ་ནིའི་འཆར་གཞི་ཡོདཔ་ད་ ས་གནས་ཀྱི་འགོ་ཁྲིདཔ་གིས་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ས་ཆ་ཡུན་བརྟན་འཛིན་སྐྱོང་འཆར་གཞི་ གྲ་སྒྲིག་གི་དོན་ལུ་ ལཱ་ཚུ་འབད་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ རྩྭ་ཆག་འཛུགས་སྐྱོང་གི་དོན་ལུ་ ས་ཆ་ཨེ་ཀར་༡༣ དང་ ཐབས་བྱུས་གསར་པའི་དོན་ལུ་ ས་ཆ་ཨེ་ཀར་༤༠ངོས་འཛིན་འབད་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་ལེགས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ འདི་བཟུམ་གྱི་ ཐབས་ལམ་བཏོན་མི་གིས་ ས་ཆ་ཆད་འོང་ནི་ལས་ བཀག་ཐབས་འབད་ཚུགས་པའི་ཁར་ ས་རུད་ཀྱི་ ཉེན་ཁ་ཚུ་ཡང་ མི་འཐོན་ནི་ཨིནམ་ད་ ཆརཔ་ཤུགས་སྦེ་རྐྱབ་སྟེ་འབད་རུང་ ས་རུད་ཆད་ནི་ལས་ བཀག་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
ལས་འགུལ་གྱི་ཁ་ཐུག་ལས་ དངུལ་འབྲེལ་གྱི་ཁེ་འཐུས་ཚུ་ དངུལ་རྐྱང་སྦེ་ བྱིན་ནི་ཨིནམ་ད་ གཞུང་གིས་ རྩྭའི་སོན་དང་ སྦྱོང་བརྡར་བྱིན་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement