༉ ད་ལས་ཕར་ སོ་ན་མི་ནདཔ་ཚུ་གིས་ ཐིམ་ཕུག་རྟ་བབ་ལུ་ སྨན་བཅོས་འབད་བར་འགྱོ་མ་དགོ་པར་ ཞབས་ཏོག་དེ་ སྤྱི་ལོ་༢༠༢༤ ཟླ་༡༠ པ་མཇུག་བསྡུ་བའི་བསྒང་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
སོ་བཅོས་སྨན་ཁང་དེ་ ལོག་སྟེ་ར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྤོ་བཤུད་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ནདཔ་དང་ མི་མང་གི་ཁ་ཐུག་ལས་ བྱ་སྟབས་མ་བདེཝ་སྦོམ་ར་ཡོད་པའི་སྐོར་ལས་ ཉོག་བཤད་བཀོད་མི་ལུ་བརྟེན་ ལོག་སྤོ་བཤུད་འབདཝ་ཨིན་པས།
གསོ་བའི་དྲུང་ཆེན་ སྤེན་པ་དབང་ཕྱུག་གིས་ བཤད་མིའི་ནང་ ཧེ་མ་ སོ་བཅོས་སྨན་ཁང་རྟ་རྦབ་ལུ་ སྤོ་བཤུད་འབད་མི་དེ་ གཙོ་བོ་ར་ ཞབས་ཏོག་ལེགས་ཤོམ་དང་ ནདཔ་ཚུ་བྲེལ་ཟིང་ལང་མ་དགོ་པའི་ གནད་དོན་ལུ་དམིགས་ཏེ་ འབད་འབདཝ་ཨིན་ཟེར་ཨིནམ་ད་ དེ་འབདཝ་ད་ ནདཔ་མང་ཤོས་ཅིག་གིས་ རྟ་རྦབ་ལུ་ སྨན་བཅོས་འབད་བར་འགྱོ་ནི་དེ་ བྱ་སྟབས་མ་བདེཝ་ཡོདཔ་མ་ཚད་ སྐྱེལ་འདྲེན་གྱི་དཀའ་ངལ་ཡོདཔ་སྦེ་ སླབ་པའི་ཁར་ ཐིམ་ཕུག་ལས་ སྨན་བཅོས་འབད་བར་འགྱོ་མི་ཚུ་ དུས་ཡུན་ལེ་ཤ་སྒུག་དགོ་མི་ལུ་བརྟེན་ ལོག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
འདི་བཟུམ་གྱི་འཆར་གཞི་ སོ་བཅོས་སྨན་ཁང་ལོག་སྤོ་བཤུད་འབད་མི་དེ་ ད་རེས་ མོ་ནད་སྨན་ཁང་དང་ ཨ་ལོའི་སྨན་ཁང་ཚུ་ སྨན་ཁང་གསར་པའི་ནང་ སྤོ་བཤུད་འབད་བའི་བསྒང་ལས་ ས་སྟོང་ཐོན་མི་ལུ་བརྟེན་ ཨིན་ཟེར་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་བཅོས་སྨན་ཁང་ལོག་ སྤོ་བཤུད་འབད་མི་གིས་ ནདཔ་ཚུ་ལུ་ མཁོ་འདོད་འགྲུབ་ཚུགསཔ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༥ པའི་ནང་ སྨན་ཁང་དེ་ ལོག་སྤོ་བཤུད་འབད་ནིའི་ འཆར་གཞི་ཡོདཔ་ད་ རྟ་བབ་ཀྱི་ ཁང་ཚན་ཚུ་ གཞུང་འབྲེལ་ཡིག་ཚང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
སོ་བཅོས་སྨན་ཁང་ ལོག་སྤོ་བཤུད་འབདཝ་ད་ ཅ་ཆས་སྐྱེལ་འདྲེན་དང་ ལས་བྱེདཔ་ལངམ་མེད་མི་ལུ་བརྟེན་ ཕྱིས་ཏེ་ལུས་ཡོདཔ་ད་ སྤྱི་ཟླ་༩ པའི་ནང་ལས་ གྲ་སྒྲིག་ཚུ་འབད་ཡི་ཟེར་ ལས་བྱེད་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ལས་ཁུངས་དེ་ བདུན་ཕྲག་ཤུལ་མམ་ནང་ སྤོ་བཤུད་འབད་ནི་དང་ ཞབས་ཏོག་ཚུ་ ཟླཝ་འདི་གི་ཟླ་མཇུག་ལུ་ འགོ་བཙུགས་ནི་ཨིན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
སོ་བཅོས་ཞབས་ཏོག་དེ་ སྨན་ཁང་རྙིངམ་དང་ གསརཔ་གཉིས་ཆ་ར་ནང་ལས་ འཐོབ་ཚུགས་ནི་དང་ ད་ལྟོ་ ཞབས་ཏོག་ཚུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྙིངམ་ནང་ལས་ བྱིན་དོ་ཡོདཔ་ད་ ད་རུང་ རྒྱ་སྐྱེད་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ལས་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement