༉ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱིས་ འཐུས་མི་༡༠ མཐའ་བཅད་འབད་མི་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་བརྩིས་ཏེ་ བརྒྱ་ཆ་༤༠ སྒེར་སྡེའི་ཁ་ཐུག་ལས་ཨིན་པས།

དེ་ཡང་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གི་ བློན་པོ་རྣམ་རྒྱལ་རྡོ་རྗེ་དང་འཁྲིལ་ཏེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ བཀོད་ཁྱབ་བཀའ་རྒྱ་དང་འཁྲིལ་ཏེ་ འཐུས་མི་སྦེ་ ནང་འཁོད་མཁས་མཆོག་༢ རྐྱངམ་གཅིག་ བཙུགས་ཅི་ཟེར་ཨིན་པས།

ཨིན་རུང་ བློན་པོ་གིས་འབད་བ་ཅིན་ དཔལ་འབྱོང་གོང་འཕེལ་བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་༢ པ་ འཚོགས་པའི་སྐབས་ སྒེར་སྡེ་ལས་ ད་རུང་ འཐུས་མི་སྦེ་ ནང་འཁོད་མཁས་མཆོག་བཙུགས་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

ད་རེས་ བཀོད་ཚོགས་ཀྱི་འཐུས་སྦེ་ སྒེར་སྡེ་ལས་འཐུས་མི་ ངོ་རྐྱང་༤ ཡོདཔ་ཨིན་པས།

དཔལ་འབྱོར་གོང་འཕེལ་བཀོད་ཚོགས་དེ་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ ལས་འགུལ་སྦོམ་དང་ བར་མ་ དེ་ལས་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ལུ་ ཕྱི་རྒྱལ་མ་རྩ་གཞི་བཙུགས་ ལྷན་ཐབས་འབད་ནི་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་ བཟོ་གྲྭ་ལས་ཁུངས་དེ་ བཀོད་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ བཀོད་ཚོགས་གཞི་བཙུགས་འབད་མི་ལས་ཚུར་ ད་ལྟོ་ཚུན་ཚོད་ བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་༢ འཚོགས་ཡོདཔ་ཨིན་པས།

ཞལ་འཛོམས་ཐེངས་དང་པ་དེ་ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ འཚོགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་ འགན་ཚད་དང་ འཐུས་མི་ཚུ་ གཏན་འཁེལ་བཟོ་ཡོདཔ་ཨིན་པས།

ཞལ་འཛོམས་ནང་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་ ཞལ་འཛོམས་དེ་ གཞུང་འབྲེལ་གྱི་ངལ་གསོ་མ་གཏོགས་ ཨ་རྟག་ར་ ཟླཝ་དེ་གི་ སྤྱི་ཚེས་༢༡ ལུ་ འཚོགས་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

དེ་ལས་ བཀོད་ཚོགས་ཀྱི་ ཞལ་འཛོམས་༢ པ་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་འཚོགས་ཏེ་ བཀོད་ཚོགས་ཀྱི་དོན་ལུ་ གདམ་ཁའི་འཐུས་མི་༦ ཡོད་མི་ལས་༢ གདམ་འཐུ་འབད་བའི་ཁར་ རྒྱལ་སྤྱི་མཁས་མཆོག་༢ གྲོས་སྟོན་པ་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།

ཞལ་འཛོམས་ཐེངས་༢ པའི་སྐབས་ བཀོད་ཚོགས་ཀྱིས་ དཔལ་འབྱོར་ཕྱོགས་སྡེ་ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་དང་་བཅའ་ཡིག་ བསྐྱར་ཞིབ་འབད་དེ་ ལྷན་ཁག་བརྒྱུད་དེ་ བཀོད་ཚོགས་ལུ་ སྙན་ཞུ་འབད་དེ་ སྤྱི་ཟླ་༤ པའི་ ཟླ་མཇུག་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་དགོ་པའི་བཀའ་རྒྱ་གནང་ནུག།

སྤྱི་ཟླ་༤ པའི་ཚེས་༢༡ ལུ་ བཀོད་ཚོགས་ཀྱི་ ཞལ་འཛོམས་ཐེངས་༣ པ་ འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཕྱིའི་མ་རྩ་གཞི་བཙུགས་གོང་འཕེལ་གཏང་ནིའི་ ལྷན་ཐབས་ལུ་ བཀོད་ཚོགས་ཀྱིས་ འགན་ཁུར་འབག་དགོ་པའི་ བཀའ་རྒྱ་གནང་ནུག།

ཁོ་གིས་འབད་བ་ཅིན་ དམིགས་གཏད་ཅན་གྱི་ ས་ཁོངས་ཚུ་གི་དོན་ལས་ མ་རྩ་གཞི་བཙུགས་འབད་ནི་ལུ་ འོས་འབབ་བལྟ་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་དང་བཅའ་ཡིག་དེ་ བསྐྱར་ཞིབ་འབད་དེ་ ད་རེས་ཀྱི་ཟླ་མཇུག་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་པས།

དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ནང་ བློན་ཆེན་ཁྲི་འཛིན་དང་ དངུལ་རྩིས་བློན་པོ་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གི་བློན་པོ་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་དྲུང་ཆེན་ བཟོ་ཚོང་འབྲེལ་དང་ལཱ་གཡོག་དྲུང་ཆེན་ ལྷན་རྒྱས་གཞུང་ཚོགས་ཀྱི་མདོ་ཆེན་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ གཡང་འཕེལ་སྒེར་སྡེའི་ཁྲི་འཛིན་ ཨོ་རྒྱན་རིག་འཛིན་ དེ་ལས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་མི་དང་ མདོ་ཆེན་ལ་སོགས་པ་བརྩིས་ཏེ་ འཐུས་མི་༡༠ ཡོདཔ་ཨིན་པས།

སྒེར་སྡེ་ཚུ་གིས་ བཀོད་མིའི་ནང་ གཞུང་གི་འཐུས་མི་ མང་ཤོས་ཅིག་གིས་ ཁོང་རའི་བསམ་ལན་ཚུ་ མི་ཤེས་དོ་ཡོདཔ་ད་ དཔལ་འབྱོར་ནང་ གྲལ་གཏོགས་འབད་མི་དེ་ སྒེར་སྡེ་དང་ ལས་འཛིན་ཚུ་ཨིནམ་ལས་ བཀོད་ཚོགས་ཀྱི་འཐུས་མི་སྦེ་ ངོས་ལེན་འབད་དགོ་ཟེར་ཨིན་པས།

དཔལ་འབྱོར་མཁས་མཆོག་ ཌོག་ཊར་ཅཱན་ཌ་ར་ ཌ་ཀཱལ་གྱིས་ སླབ་མིའི་ནང་ འཆར་གཞི་༡༣ པའི་ནང་ སྒེར་སྡེ་གོང་འཕེལ་གཏང་སྟེ་ འོང་འབབ་ཆེ་བའི་ དཔལ་འབྱོར་གྱི་ དམིགས་གཏད་དགོཔ་ལས་ སྒེར་སྡེ་ཚུ་ སྣང་མེད་སྦེ་ བཞག་ནི་མི་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བཀོད་ཚོགས་ཀྱིས་ སྒེར་སྡེ་ཚུ་གིས་བཤད་མི་ གདོང་ལེན་དང་ གོ་སྐབས་ཚུ་ ངོས་འཛིན་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

Advertisement