༉ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་གཞུང་ལམ་ཁར་ གསར་བསྒྲུབས་འབད་མི་ སྟང་ཏི་ཟམ་དེ་ སྣུམ་འཁོར་ཚུ་གི་རྒྱུན་འགྲུལ་དོན་ལུ་ སྒོ་ཕྱེས་ཡོདཔ་ཨིན་པས།

ཟམ་དེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅན་དར་ བྷ་དུར་གུ་རུང་དང་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ སུ་དྷ་ཀར་ ཌ་ལི་ལ་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ཟམ་དེ་ཡང་ དངུལ་ཀྲམ་ས་ཡ་༢༠༠ ཟད་འགྲོ་བཏང་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།

ཐིམ་ཕུག་དང་ ཕུན་ཚོགས་གླིང་གཞུང་ལམ་གྱི་ སྟག་ཏི་ཀོ་ཏི་འཁོར་ལམ་དེ་ ཆུ་རུད་ཐོན་ཏེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་ཚུ་ བྱུང་ཡོདཔ་ཨིན་པས།

ཡུར་ཟམ་གུ་ལས་ ཆུ་བྲེས་འོང་ནི་དེ་ ལོ་བསྟར་གྱི་ དཀའ་ངལ་ཅིག་ཨིན་པས།

གནད་དོན་སེལ་ཐབས་དང་ ཉེན་སྲུང་དང་ གཞུང་ལམ་ དེ་ལས་ གནམ་བྱཱར་དགུན་མེད་པར་ རྒྱུན་འགྲུལ་འཐབ་ཚུགས་ནིའི་དོན་ལུ་ ཌཱན་ཊག་ལས་འགུལ་གྱིས་ སྤྱི་ལོ་༢༠༡༩ ལས་ སྟག་ཏི་ཆུ་གུ་ལས་ རྩི་ཟམ་རྐྱབ་ནི་འགོ་བཙུགས་ཡོདཔ་ཨིན་པས།

གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅན་དར་ བྷ་དུར་གུ་རུང་གིས་ སླབ་མིའི་ནང་ ཟམ་རྐྱབ་ཚུགས་མི་དེ་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཡུན་རིང་གི་ མཛའ་བཤེས་མཐུན་འབྲེལ་བརྡ་མཚོན་གྱི་ དྲན་རྟགས་ཅན་ཅིག་ཨིན་ཟེར་ཨིན་པས།

སྟག་ཏི་ཟམ་གྱིས་ རྒྱ་འབྲུག་༢ ཀྱི་བར་ན་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།

སྟག་ཏེ་ཟམ་རྐྱབ་མི་གིས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གཞུང་ལམ་གུ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཉེན་སྲུང་ངེས་བརྟན་དང་ དོན་སྨིན་ཅན་ཐོག་ལས་ རྒྱུན་འགྲུལ་འཐབ་བཅུག་ཐབས་ལུ་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ སུ་དྷ་ཀར་ ཌ་ལི་ལ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་གཞུང་ལམ་དེ་ རྒྱལ་ཁབ་ནང་ དགོས་མཁོ་ཅན་གྱི་ འབྲེལ་མཐུད་ཅིག་ཨིནམ་ད་ འདས་པའི་ལོ་ཚུ་ལས་ གཞུང་དེ་ལས་ རྒྱུན་འགྲུལ་འཐབ་མི་ ཡར་སེང་སོང་ཡོདཔ་བཞིན་དུ་ གཞུང་ལམ་དེ་ཡང་ རྒྱལ་ཁབ་ཕྱི་ནང་༢ ཀྱིས་ ཚོང་འབྲེལ་གྱི་དོན་ལས་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་གི་འཆར་གཞི་༡༣ པའི་ནང་ རྒྱ་གར་གཞུང་གིས་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་དང་ མཉམ་འབྲེལ་རྒྱ་སྐྱེད་གཏང་ནི་ལུ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།

ཌཱན་ཊག་ལས་འགུལ་དང་འཁྲིལ་བ་ཅིན་ ཟམ་རྐྱབ་ནི་ལཱ་དེ་ཡང་ སྤྱི་ལོ་༢༠༡༩ ལུ་ པོ་ཌར་བཟོ་སྐྲུན་ལས་སྡེ་ལུ་ བྱིན་ཡོདཔ་ད་ ཀོ་བིཌ་-༡༩ ལུ་བརྟེན་ ལོ་༢ དེ་ཅིག་ ལཱ་འབད་མ་ཚུགས་པར་ ལུས་ཡོད་རུང་ ཟམ་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རྐྱབ་ཚར་ཡི་ཟེར་ཨིན་པས།

ཟམ་ལག་ལེན་འཐབ་མི་ ཅ་ཆས་ག་ར་ ཁོང་རའི་ཁྱད་རྣམ་དང་འཁྲིལ་ཏེ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་ཉེན་སྲུང་ལུ་ ཚ་གྱང་ཡོདཔ་ལས་ སྟག་ཏི་ཟམ་གུ་ལས་ ཉིནམ་༥ འི་རིང་ དོས་ཐེག་ཚད་ཀྱི་ བརྟག་དཔྱད་འབད་བའི་ཁར་ ཁྱད་རིག་བརྟག་དཔྱད་ཚུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

Advertisement