༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ སྤ་རོ་རྫོང་བདག་དང་ དྲང་དཔོན་༤ བསྐོ་བཞག་ཐོག་ ལེགས་དར་གནང་ཡི།
དེ་ཡང་ སྤ་རོ་རྫོང་བདག་གསརཔ་ ནོར་བུ་དབང་ཕྱུག་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ནང་ ལས་བྱེད་འཆར་གཞི་དང་རིག་རྩལ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ད་ ནོར་བུ་དབང་ཕྱུག་གིས་ སྤྱི་ལོ་༢༠༠༠ ལུ་ ཞི་གཡོག་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ དངུལ་རྩིས་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ལཱ་གཡོག་དང་མི་སྟོབས་ལྷན་ཁག་ དེ་ལས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ནང་ ཕྱག་ཞུ་ཡོདཔ་ཨིན་པས།
གསར་བསྐོས་འབད་མི་ དྲང་དཔོན་ཚུ་ཡང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ དྲང་དཔོན་ཚོས་རྒྱབ་མི་ཕམ་བདེན་ལེན་དང་ པདྨ་དགའ་ཚལ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་རྒྱལ་པོ་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་རི་ཅ་གུ་རུང་ དེ་ལས་ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་བསྟན་འཛིན་རྡོ་རྗེ་ཨིན་པས།
ཚོས་རྒྱབ་མི་ཕམ་བདེན་ལེན་གྱིས་ སྤྱི་ལོ་༢༠༢༡ ལས་ཚུར་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ ཁྲིམས་དོན་རྩོད་ཚབ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༤ ལས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་དོན་ལུ་ ཁྲིམས་དོན་གྲོས་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
རྒྱལ་པོ་གིས་ སྤྱི་ལོ་༢༠༡༡ ལས་ཚུར་ དྲང་ཁྲིམས་ལྷན་སྡེ་དང་ སྤྱི་ལོ་༢༠༢༡ ཟླ་༡༡ པ་ལས་ པདྨ་དགའ་ཚལ་ལུ་ རྫོང་ཁག་ཁྲིམས་འདུན་དྲང་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
རི་ཅ་གུ་རུང་གིས་ སྤྱི་ལོ་༢༠༡༣ ལུ་ དྲང་ཁྲིམས་ལྷན་སྡེ་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པའི་ནང་ དྲང་དཔོན་ངོ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བསྟན་འཛིན་རྡོ་རྗེ་གིས་ཡང་ སྤྱི་ལོ་༢༠༡༣ ལུ་ དྲང་ཁྲིམས་ལྷན་སྡེ་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་ངོ་ཚབ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement