ཚེ་རིང་དབང་འདུས།

 

༉ སྤ་རོ་ སྦོང་སྡེ་ལུ་ ཉི་དྲོད་ཀྱི་བསིལ་མཛོད་ཁང་ བཟོ་སྐྲུན་འབད་མི་གིས་ སོ་ནམ་པ་ཚུ་ལུ་ བསིལ་མཛོད་མེད་པའི་ གདོང་ལེན་བྱུང་མི་ཚུ་ བསལ་ཚུགས་ནི་དང་ ཟད་འགྲོ་མར་ཕབ་དང་ སྐྱེ་ལྡན་ལུ་ ལྷན་གྲོགས་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

བསིལ་མཛོད་ཁང་དེ་ལུ་བརྟེན་ ཟ་ཆས་ཚུ་ གསོག་འཇོག་འབད་ཚུགས་པའི་ཁར་ བསྡུ་སྒྱོམ་སྔོན་འགོག་འབད་ནི་གིས་མ་ཚད་ ཚོང་འབྲེལ་འཐབ་ནི་ལུ་ རྒྱ་སྐྱེད་འབད་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་པས།

ད་ཚུན་གྱི་རིང་ལུ་ རྒྱལ་ཁབ་ཐདམ་ཐད་ཁ་ལས་ཕར་ སོ་ནམ་པ་ཚུ་ ཁོང་རའི་སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཆུད་བཟོས་སོང་ཡོདཔ་ད་ དམིགས་བསལ་གྱི་ བསྡུ་བསྒྱོམ་འབད་ནིའི་དུས་ཚོད་ཁར་ བསིལ་མཛོད་ཁང་མེད་མི་གིས་ གདོང་ལེན་ཚུ་ བྱུང་ཡོདཔ་ཨིན་པས།

བསིལ་མཛོད་ཁང་དེ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་སྤྱི་ཉི་དྲོད་ལས་སྡེ་གཉིས་ཀྱིས་ འགོ་འབྱེད་འབད་ཡོདཔ་ད་ ལས་འགུལ་དེ་ཡང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ བློན་པོ་མགོནམོ་ཚེ་རིང་དང་ རྒྱལ་སྤྱི་ཉི་དྲོད་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ཨ་ཇེ་མ་ཐུར་གྱིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།

སྦོང་སྡེ་ལུ་ གཞི་བཙུགས་འབད་མི་ ཉི་དྲོད་མེ་ཊིག་ཊོན་༥ འབད་མི་ནུས་ཤུགས་དེ་ འབྲུག་དེ་ རྒྱལ་སྤྱིའི་ཉི་དྲོད་ལས་སྡེའི་ འཐུས་མི་སྦེ་ སྤྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།

ཉི་དྲོད་ཀྱི་ ནུས་ཤུགས་བསིལ་མཛོད་ཁང་དེ་ཡང་ དེང་སང་འཕྲུལ་རིག་གི་ཐོག་ལས་ བཟོ་བཀོད་འབད་ཡོདཔ་ད་ བསིལ་མཛོདཁང་དེ་ནང་ གྱང་བསིལ་ཌི་གི་རི་སེལ་ཤེསི་༤ དང་༡༠ གྱི་བར་ན་ བཞག་ཚུགས་ནི་ཨིནམ་ད་ བསིལ་མཛོད་ཁང་གཞན་མི་དེ་ གཞལམ་སྒང་ལུ་ གཞི་བཙུགས་འབད་བའི་ཁར་ བསིལ་མཛོད་ཁང་དེ་གཉིས་བསྡོམས་ད་ ཤོང་ཚད་མེ་ཊིག་ཊོན་༡༠ ཡོད་པའི་གུ་ བསིལ་མཛོད་ཀྱི་ཁྱབ་ཚད་དེ་ ཉི་དྲོད་ནུས་ཤུགས་ཀེ་བི་༡༢ ཀྱི་ རྩིས་ཡོདཔ་ཨིན་པས།

བློན་པོ་མགོནམོ་ཚེ་རིང་གིས་ བཤད་མིའི་ནང་ སྤ་རོ་ལུ་ཡོད་པའི་ བསིལ་མཛོད་ཁང་དེ་གིས་ གནང་ཐང་ལས་འགོ་བཙུགས་ ཕན་ཐོགས་བྱུང་ཚུགས་ནི་དང་ བློན་པོ་གིས་ འབད་བ་ཅིན་ དེ་ཁར་ གཞི་རྟེན་མཐུན་རྐྱེན་གཞན་ཡང་ དོས་ཆས་སྐྱེལ་འདྲེན་དང་ སོ་ནམ་གྱི་ཐོན་སྐྱེད་ ས་གནས་སོ་སོ་ཚུ་ནང་ སྐྱེལ་འདྲེན་འབད་ཚུགས་ཟེར་ཨིན་པས།

རྒྱལ་ཁབ་མཉམ་འབྲེལ་གན་ཡིག་དེ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་སྤྱི་ཉི་དྲོད་ལས་སྡེ་ གཉིས་ཀྱི་བར་ན་ ཕན་ཚུན་མོས་མཐུན་གྱི་ མཚན་རྟགས་ཚུ་ བཀོད་ཡོདཔ་ཨིན་པས།

ཉི་དྲོད་འཕྲུལ་རིག་ལྟེ་བ་དེ་གིས་ བཟོ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་སྤེལ་ཚུགས་ནི་དང་ དེ་ཡང་ ན་གཞོན་ཚུ་ལུ་ ད་ལྟོ་འབྲུག་ལུ་ ཉི་དྲོད་འཕྲུལ་ལས་ གོང་འཕེལ་བཏང་པའི་བསྒང་ ཡོད་མི་ཚུ་དང་ འབྲེལ་བ་ཡོདཔ་སྦེ་ཨིན་པས།

མཚན་རྟགས་བཀོད་པའི་སྐབས་ལུ་ ཌོག་ཊར་ཨ་ཇེ་མ་ཐུར་གྱིས་ བཤད་མིའི་ནང་ ང་བཅས་མཉམ་འབྲེལ་ཐོག་ལས་ འབད་མིའི་ལཱ་གི་ གྲུབ་འབྲས་ལུ་བལྟ་སྟེ་ སེམས་དགའ་ཡི་ཟེར་ཨིནམ་ད་ གན་ཡིག་གུ་ མཚན་རྟགས་བཀོད་མི་གིས་ ལྷག་པར་དུ་ཡང་ ད་ལས་ཕར་ ཡར་དྲག་འགྱོ་ཚུགས་པའི་ རེ་བ་ཡོདཔ་ད་ འབྲུག་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་ཚུ་ འབད་དེ་ར་ སྡོད་འོང་ཟེར་ཨིན་པས།

རྒྱལ་སྤྱི་ཉི་དྲོད་ལས་སྡེ་གིས་ འབྲུག་ལུ་རྒྱལ་ཡོངས་ཉི་དྲོད་ནུས་ཤུགས་ལས་དོན་ཚུ་ གོང་འཕེལ་བཏང་ནི་དང་ ཉི་དྲོད་གོང་འཕེལ་སྤྱོད་འཐུས་ཀྱི་ སྒྲིག་གཞི་ཚུ་བཟོ་ནི་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིནམ་བཞིན་དུ་ སྒྲིག་གཞི་ཆོག་ཐམ་བྱིན་ནི་དང་ ཆ་མེད་གཏང་ནི་ གནས་ཚད་ཅན་ ལམ་སྟོན་ཚུ་ འབྲུག་གི་ ནུས་ཤུགས་ཁྲིམས་དོན་དབང་འཛིན་དང་ འཁྲིལ་འབད་ནི་ཨིན་ཟེར་ཨིན་པས།

ད་ལྟོ་ཚུན་ལུ་ རྒྱལ་སྤྱི་ཉི་དྲོད་ལས་སྡེ་ཚུ་ འཛམ་གླིང་ནང་ འཐུས་མི་༡༡༩ ཡོདཔ་ད་ དེ་གི་དམིགས་ཡུལ་དེ་ཡང་ པེ་རིསི་གི་ ཆིངས་ཡིག་དམིགས་ཡུལ་ལྟར་དུ་ ཉི་དྲོད་ནུས་ཤུགས་འཕྲུལ་རིགས་ རྒྱ་སྐྱེད་འབད་ཐོག་ལས་ ནུས་ཤུགས་ཉེན་སྲུང་ཅན་དང་ ནུས་ཤུགས་ཀྱི་ ཁེ་ཕན་འབྱུང་ཐབས་ལུ་ དམིགས་དོན་བསྐྱེད་དེ་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

 

Advertisement