༉ རྒྱ་གར་དང་ འབྲུག་གི་བར་ན་ མེ་ག་ཝཊ་༡༠༢༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་དེ་ སྤྱི་ལོ་༢༠༡༠ ཟླ་༤ པའི་ཚེས་༣༠ ལུ་ གན་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལུ་ ལོ་༡༣ གྱི་རྒྱབ་ལས་ གྲུབ་འབྲས་མཐར་འཁྱོལ་བྱུང་མི་དེ་ཡང་ འཕྲུལ་ཨམ་༦ ཡོད་མི་ལས་ འཕྲུལ་ཨམ་གཉིས་ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
འདི་བཟུམ་གྱི་ ལག་ལེན་འགོ་བཙུགས་མི་གིས་ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་སྦོམ་ཤོས་ཨིན་མི་དེ་ འགོ་བཙུགས་པའི་ བརྡ་མཚོན་བཟང་པོ་ བཏོན་དོ་ཡོདཔ་ད་ ལས་འགུལ་གོ་རིམ་གཉིས་པའི་ནང་ འབད་བ་ཅིན་ བསྒྱིར་འཕྲུལ་ཨམ་ཊར་བཱ་ཡེན་དེ་ གློག་མེ་དང་ རྒྱུན་འབྲེལ་རིམ་ལུགས་ཐོག་ལུ་ ལཱ་འབད་ནི་འགོ་བཙུགསཔ་ད་འབྲེལ་ གློག་མེ་ནུས་ཤུགས་ཐོན་སྐྱེད་འབད་ནི་ཨིན་ཟེར་ཨིན་པས།
ནུས་ཤུགས་དང་ རང་བཞིན་སླར་འབྱུང་བློན་པོ་ མགོནམོ་ཚེ་རིང་གིས་ འགོ་འབྱེད་རྟེན་འབྲེལ་ནང་ གྲལ་གཏོགས་གནང་པའི་ཁར་ རྒྱ་གར་དང་ འབྲུག་གི་བར་ན་ མཉམ་འབྲེལ་གྱི་ ལས་འགུལ་ལཱ་ སྦོམ་ཤོས་འབད་མི་དེ་ མཇུག་བསྡུ་ཚུགས་མི་ལུ་བརྟེན་ དོན་ཚན་གསརཔ་ཅིག་འགོ་བཙུགསཔ་ཨིན་ཟེར་ རྟེན་འབྲེལ་གྱི་སྐབས་ལུ་ གསལ་བཤད་འབད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འཆར་སྣང་སྦོམ་སྦེ་ར་ འགོ་བཙུགས་མིའི་ལས་དོན་དེ་ ད་རེས་ དངོས་སུ་ལག་ལེན་འཐབ་ཚུགས་མི་ལུ་ ཕན་ཚུན་མཉམ་འབྲེལ་རྩ་བརྟན་དང་ གཏིང་ཟབ་པར་ཡོད་པའི་ གསལ་སྟོན་འབདཝ་ཨིན་ཟེར་ཨིན་པས།
ད་ལྟོའི་གྲུབ་འབྲས་དེ་གིས་ མཉམ་འབྲེལ་དང་ འཆར་སྣང་བརྗེ་སོར་འབད་མི་ཚུ་ མཐར་འཁྱོལ་བྱུང་ཚུགས་པའི་ གཞན་དང་མ་འདྲ་བའི་ དྲན་སྣང་འབདཝ་མས་ཟེར་ཨིནམ་ད་ གནད་དོན་དེ་གིས་ ང་བཅས་ཀྱི་ཁས་བླངས་འབད་མི་ཚུ་ ཡུན་བརྟན་གོང་འཕེལ་དང་ ནུས་ཤུགས་ཉེན་སྲུང་ དེ་ལས་ ང་བཅས་རྒྱལ་ཡོངས་ལུ་ ཆ་རོགས་དམ་ཟབ་ཡོད་པའི་ དཔེ་སྟོན་འབདཝ་ཨིན་ཟེར་ཨིན་པས།
ལས་འགུལ་དེ་ འགོ་བཙུགས་པའི་སྐབས་ལུ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་ཚུགས་པའི་ ཚོད་དཔག་འབད་རུང་ སའི་ཆགས་ཚུལ་དང་ ས་རུད་ཆུ་རུད་ ནད་ཡམས་ཀོ་བིཌ་-༡༩ ཆུ་མཛོད་ཁང་གི་ས་ཁོངས་ནང་ བྱ་སྟབས་མ་བདེ་བའི་ གནད་དོན་ལེ་ཤ་ཅིག་ལུ་བརྟེན་ ཕྱིས་ཏེ་ལུས་སོ་ཡི་ཟེར་ཨིན་པས།
འདི་བཟུམ་གྱི་ དཀའ་ངལ་ཁག་ལེ་ཤ་ཅིག་ལུ་བརྟེན་ ལས་འགུལ་དེ་ གདོང་ལེན་བྱུང་སྟེ་འབད་རུང་ ད་རེས་ མཐར་འཁྱོལ་བྱུང་ཚུགས་ཅི་ཟེར་ཨིན་པས།
ནུས་ཤུགས་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨོ་རྒྱན་གྱིས་བཤད་མིའི་ནང་ རྒྱལ་ཁབ་ནང་ གློག་འཕྲུལ་ཨམ་ སྦོམ་ཤོས་ཅིག་ ལག་ལེན་འཐབ་ནི་འགོ་བཙུགས་ཚུགས་མི་གིས་ རྒྱལ་རབས་ནང་ཚུད་པའི་ ལས་དོན་ཅིག་ ཨིན་ཟེར་ཨིནམ་ད་ ད་ལྟོ་ རྒྱལ་ཁབ་ནང་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ གློག་འཕྲུལ་ཨམ་ཊར་བཱ་ཡེན་ཚུ་ པཱེལ་ཊོན་ཟེར་མི་ ཆུང་རིམ་ཚུ་ཡོདཔ་སྦེ་ཨིན་པས།
ད་ལྟོ་ མོ་བཏབ་དང་ འགོ་བཙུགས་བཟུམ་ཅིག་སྦེ་ གློག་འཕྲུལ་ཨམ་དེ་ འགོ་བཙུགས་ཡོདཔ་ལས་ གློག་འཕྲུལ་ཨམ་ལྷག་ལུས་ཡོད་མི་ཚུ་ དུས་ཐོག་ལུ་ཚུདཔ་སྦེ་ ཟླཝ་ཤུལ་མམ་ནང་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་༡༢ པའི་ནང་ལས་ གློག་འཕྲུལ་ཨམ་ཊར་བ་ཡེན་༦ པོ་ཆ་ར་ལཱ་འབད་ནི་ འགོ་བཙུགསཔ་དང་འབྲེལ་ གློག་རྒྱུན་ནང་ ནུས་ཤུགས་བཏང་ནིའི་ལཱ་ཚུ་ཡང་ འབད་ནི་ཨིན་ཟེར་ཨིན་པས།
བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཤད་མིའི་ནང་ ང་བཅས་ཀྱིས་ གློག་འཕྲུལ་ཨམ་༦ པོ་ཆ་ར་ ལག་ལེན་འཐབ་ནི་ལུ་ བསྒུགས་སྡོད་མ་དགོ་པར་ ལག་ལེན་འགོ་བཙུགས་འབད་མི་ འཕྲུལ་ཨམ་གཉིསཔོ་དེ་ མོ་བཏབ་བརྟག་དཔྱད་འབད་ཞིནམ་ལས་ ནུས་ཤུགས་ཚུ་ གློག་རྒྱུན་ནང་བཏང་ཐོག་ལས་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་དེ་ ཚོད་རྩིས་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༩༤.༤༥ འབད་མི་དེ་ གཙོ་རིམ་ཅན་གྱི་ ལཱ་མང་ཤོས་མཇུག་བསྡུ་ཡོདཔ་ད་ དེ་ཁར་ ཆུ་མཛོད་ཁང་བཀང་ནི་དེ་ སྤྱི་ཟླ་༢ པའི་ཚེས་༢༡ ལས་འབད་ཡོདཔ་བཞིན་དུ་ ཆུ་རྐ་འགོའི་ཆུ་དུང་བཀང་ནི་དེ་ སྤྱི་ཟླ་༨ པའི་ཚེས་༢ ལས་འགོ་བཙུགས་པའི་ཁར་ པེ་རེ་ཤར་ཤཕཊི་དེ་ ཚེས་༡༢ ལུ་འགོ་བཙུགས་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་༢ པ་དེ་ འབྲུག་གཞུང་དང་ རྒྱ་གར་གཞུང་གཉིས་མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ད་ ལས་འགུལ་ནང་ ད་ལྟོ་ལས་བྱེདཔ་༧༦༣ ཡོད་པའི་ཁར་ སྤྱི་ལོ་༢༠༢༣ ཟླ་༧ པ་ཚུན་ལུ་ ལས་མི་༢,༩༤༤ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement