༉ འབྲུག་གི་ཕྱིར་ཚོང་ལས་སྡེ་གིས་ ཚོང་འབྲེལ་ཡར་དྲག་སོང་སྟེ་ ཚོང་འབྲེལ་གྱི་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༡༡.༧༨ མར་ཕབ་འབད་དེ་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༣༦.༣༥ ལུ་ མར་ཕབ་འབད་ཚུགས་ནུག།
དངུལ་རྩིས་ལྷན་ཁག་གི་ ལོ་༢ ཀྱི་གནས་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༣ ལུ་ ཚོང་འབྲེལ་གྱི་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༤༥.༢༢ དང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤༨.༡༣ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་རྩིས་ཆད་དེ་ ཕྱིར་ཚོང་ལས་ལྷག་སྟེ་ ནང་འདྲེན་འབད་བའི་སྐབས་ བྱུང་དོ་ཡོདཔ་ཨིན་པས།
ཚོང་འབྲེལ་རྩིས་ཆད་ཀྱིས་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་བཞིན་དུ་ ནང་འདྲེན་གནས་གོང་ ཉུང་སུ་སྦེ་ འབད་ནི་ལུ་ དོ་འགྲན་འབད་མི་ཚུགས་ནི་ཨིནམ་ལས་ དེ་གིས་ ལཱ་གཡོག་བྱང་པའི་ཁར་ དཔལ་འབྱོར་ཡར་དྲག་ ལེགས་ཤོམ་ཅིག་ འགྱོ་མི་ཚུགས་ནི་ཨིན་པས།
ཚོང་འབྲེལ་གྱི་རྩིས་ཆད་དེ་ ཡར་འཕར་འགྱོ་སྟེ་ར་ སྡོད་པ་ཅིན་ རྒྱལ་ཁབ་ཀྱིས་ ཕྱིའི་དཔལ་འབྱོར་ལུ་ ཚད་ལས་བརྒལ་ཏེ་ བརྟེན་སྡོད་མི་ཡར་སེང་སོང་སྟེ་ དཔལ་འབྱོར་གྱི་གདོང་ལེན་དང་ གོང་ཚད་འགྲིག་ནིའི་ དབང་ཆ་ཚུ་ མར་འབབ་འགྱོ་ནི་ཨིན་པས།
གནད་དོན་སེལ་ཐབས་ལུ་ རྒྱལ་ཁབ་ཀྱིས་ འཕྲལ་འཕྲལ་ར་ ཕྱིར་ཚོང་གོང་འཕེལ་དང་ ནང་འཁོད་བཟོ་གྲྭ་ཁང་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ ཚོང་འབྲེལ་རྩིས་ཆད་ མར་ཕབ་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ཚོང་འབྲེལ་འཛུལ་ཤོག་དེ་ དུས་ཅི་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༥.༣༢ ལས་ དངུལ་ཀྲམ་ཐེར་འབུམ་༤༦.༨ ཡར་འཕར་སོང་ཡོདཔ་ད་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༤༡.༨ སྡོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ནང་འདྲེན་དེ་ དངུལ་ཀྲམ་ཐེར་འབུམ་༨༦.༧ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༨༣.༡༥ སྡོད་ཡོདཔ་ཨིན་པས།
རྒྱ་གར་དང་ ཕྱིར་ཚོང་དེ་ བརྒྱ་ཆ་༨༠ ཡོདཔ་ད་ ནང་འདྲེན་འབད་བ་ཅིན་ བརྒྱ་ཆ་༨༣.༣༥ ཡོདཔ་ཨིན་པས།
རྒྱལ་ཁབ་ལས་ ཕྱིར་ཚོང་གཙོ་བོ་ར་ གློག་མེ་འཐབ་དོ་ཡོདཔ་བཞིན་དུ་ བརྒྱ་ཆ་༡༥ དེ་ཅིག་ ཡར་འཛེགས་ཡོདཔ་ད་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ རྒྱ་གར་ལུ་ དངུལ་ཀྲམ་ཐེར་འབུམ་༡༦.༦༧ གནས་པའི་ གློག་མེ་ཡུ་ནིཊ་ས་ཡ་༥,༠༧༢ ཕྱིར་ཚོང་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༨.༤ གནས་པའི་ གློག་མེ་ཕྱིར་ཚོང་ འཐབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༡.༨༨ གནས་པའི་ གློག་མེ་ཡུ་ནིཊ་ས་ཡ་༣༦༧ ནང་འདྲེན་འདབ་ཡོདཔ་ཨིན་པས།
དེ་ལས་ དངུལ་ཀྲམ་ཐེར་འབུམ་༡༠.༩༢ གནས་པའི་ ཕེ་རོ་སི་ལི་ཀཱོན་ཕྱིར་ཚོང་འཐབ་ཡོདཔ་ད་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༡༢.༩༣ དང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༡༥.༧༥ གནས་པའི་ ཕེ་རོ་སི་ལི་ཀཱོན་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
འབྲུག་གིས་ ནང་འདྲེན་མཐོ་ཤོས་ར་ ས་སྣུམ་འབད་དོ་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༧.༨༦ གནས་པའི་ ཌི་ཟཱལ་དང་ དངུལ་ཀྲམ་ཐེར་འབུམ་༢.༨༣ གནས་པའི་ པེ་ཊཱོལ་བརྩིས་ཏེ་ ཡོངས་སྡོམས་དངུལ་ཀྲམ་ས་ཡ་༡༠.༧༩ གནས་པའི་ ས་སྣུམ་ནང་འདྲེན་འཐབ་ཡོདཔ་ཨིན་པས།
ན་ཧིང་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༠.༦༧ གནས་པའི་ ས་སྣུམ་ནང་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱིས་ ཆུམ་ནང་འདྲེན་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་སྟེ་ཡོདཔ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༢.༣༥ ལས་ དངུལ་ཀྲམ་ཐེར་འབུམ་༢.༢༢ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ འགྲུལ་འཕྲིན་ཨིསི་མརཊ་ཕཱོན་ དེ་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༡.༩༢ ལས་ ད་རེས་ དངུལ་ཀྲམ་ཐེར་འབུམ་༡.༩༥ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
ནང་འདྲེན་འཛིན་ཤོག་ ཡར་འཕར་སོང་མི་གིས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོ་འཇོག་ མར་ཕབ་འབད་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་དེ་ སྤྱི་ཟླ་༣ པའི་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༦༩༩.༦ ཡོད་མི་ལས་ ཡུ་ཨེསི་ཌོ་ལར་༥༩༣.༨༥ འབདཝ་ད་ བརྒྱ་ཆ་༡༥ མར་བབས་སོང་ ཡོདཔ་ཨིན་པས།
ཕྱི་དངུལ་གསོག་འཇོག་ཚུ་ཡང་ བརྗེ་སོར་འབད་བཏུབ་པའི་ཏི་རུ་དང་ རུ་པི་ དེ་ལས་ གསེར་ཚུ་ཚུད་དོ་ཡོདཔ་ད་ སྤྱི་ཟླ་༦ པའི་ ནང་འཁོད་ལུ་ བརྗེ་སོར་འབད་བཏུབ་པའི་ཏི་རུ་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༤༢༣.༣༩ དང་ རུ་པི་ཐེར་འབུམ་༡༤.༤༥ ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡ ལས་ ཁྱིམ་རྐྱབ་ནིའི་སྐྱིན་འགྲུལ་དང་ སྤྱི་ཟླ་༨ པའི་ཚེས་༡༨ ལས་ སྣུམ་འཁོར་ནང་འདྲེན་ ཡངས་ཆག་བཏང་མི་ལུ་བརྟེན་ ཕྱི་དངུལ་གསོག་འཇོག་དེ་ ལྷག་པར་དུ་ མར་བབས་འགྱོ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement