ཨོ་རྒྱན་རྡོ་རྗེ།

༉ དབང་འདུས་ཕོ་བྲང་ སྲས་ཕུག་གི་ ཉི་དྲོད་གློག་མེ་འཕྲུལ་ཁང་གི་ ནུས་ཤུགས་དེ་ ཧེ་མ་མེ་ག་ཝཊི་༡༧.༣༨ ཡོད་མི་ལས་ མེ་ག་ཝཊི་༢༢.༣༨ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ དབྱེ་ཁག་༢ སྦེ་བཟོ་སྟེ་ཡོདཔ་ད་ དབྱེ་ཁག་དང་པའི་ནང་ གློག་མེ་མེ་ག་ཝཊི་༡༧.༣༨ རྐྱབ་ནི་ཨིནམ་བཞིན་དུ་ ལཱ་དེ་ཡང་ སང་ཕོད་ སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་ནི་ཨིན་པས།
ད་རུང་ ཉི་དྲོད་ནུས་ཤུགས་ མེ་ག་ཝཊི་༥ འབད་མི་དེ་ དབྱེ་ཁག་༢ པའི་ནང་ རྐྱབ་ནི་ཨིནམ་ད་ ལཱ་དེ་ཡང་ སང་ཕོད་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
ཉི་དྲོད་གློག་མེ་འཕྲུལ་ཁང་ལས་ ཐོན་སྐྱེད་འབད་མི་ ནུས་ཤུགས་ག་ར་ རྒྱལ་ཡོངས་གློག་རྒྱུན་ལམ་དང་ འབྲེལ་མཐུན་འབད་ནི་ཨིན་པས།
མ་གཞི་ ལས་འགུལ་གྱིས་ ཡོངས་ཀྲུ་གཡུས་ཚན་གྱི་ ས་ཆ་ཨེ་ཀར་༦༥ རྐྱངམ་གཅིག་ ལག་ལེན་འཐབ་ནི་སྦེ་ཡོད་རུང་ ནུས་ཤུགས་སྦོམ་གྱི་ ཉི་གློག་ལེན་ཆས་ མཁོ་སྒྲུབ་འབད་ཚུགས་ཡོདཔ་ལས་ ཟད་འགྲོ་དང་ ས་ཆ་དགོས་མཁོ་ཡོད་མི་ཚུ་ཡང་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་ ས་ཁོངས་བཟོ་རིག་འགོ་དཔོན་ ཀི་ཤབ་ཌ་ཀཱལ་གྱིས་ བཤདཔ་ཨིན་པས།
ང་བཅས་ལུ་ ཏི་རུ་དང་ ས་ཆ་ཐེབས་ལུས་ཡོདཔ་ལས་ ད་རུང་ ཁ་སྐོང་མེ་ག་ཝཊི་༥ རྐྱབ་དོ་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ལས་འགུལ་དེ་ཡང་ ཧེ་མ་ ཡོངས་ཀྲུ་དང་ ཀློང་སྨད་གཡུས་ཚན་གྱི་ མི་སེར་ཚུ་གིས་ རྩྭ་འབྲོག་སྦེ་ ལག་ལེན་འཐབ་མི་ གཞུང་གི་ས་ཆ་ནང་ རྐྱབ་དོ་ཡོདཔ་ད་ ལས་འགུལ་འགོ་བཙུགས་པའི་སྐབས་ ལས་འགུལ་གྱི་དོན་ལུ་ ས་ཆ་ཨེ་ཀར་༦༥ ངོས་འཛིན་འབད་ཡོད་རུང་ ད་རེས་ ལཱ་གི་དབྱེ་ཁག་དང་པའི་དོན་ལུ་ ཨེ་ཀར་༤༤ དང་ དབྱེ་ཁག་༢ པའི་དོན་ལུ་ ཨེ་ཀར་༡༩ ནང་ རྐྱབ་ཚུགས་ནི་ཨིན་པས།
ལས་འགུལ་དེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ སྐྱིན་འགྲུལ་ཡུ་ཨེསི་ཌོ་ལར་ས་ཡ་༡༠ དང་ ཡུ་ཨེསི་ཌོ་ལར་ས་ཡ་༨.༢༦ དེ་ གནང་བྱིན་ཐོག་ལས་ རྐྱབ་དོ་ཡོདཔ་བཞིན་དུ་ གཞུང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༠.༩༩ གཏང་དོ་ཡོདཔ་ཨིན་པས།
ཉི་དྲོད་ནུས་ཤུགས་འཕྲུལ་ཁང་ལས་ ཐོན་སྐྱེད་འབད་མི་ ནུས་ཤུགས་ཚུ་ཡང་ གནམ་དགུན་གྱི་སྐབས་ ལག་ལེན་འཐབ་སྟེ་ རྒྱ་གར་ལས་ གློག་མེ་ནང་འདྲེན་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ ཨེ་ཤི་ཡཱན་གོང་འཕལ་དངུལ་ཁང་གི་ ལས་འགུལ་འགོ་དཔོན་ བསོད་ནམས་བཟངམ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཉི་དྲོད་ནུས་ཤུགས་ གཞི་བཙུགས་འབད་ནི་ འོས་འབབ་སྦོམ་ཡོདཔ་བཞིན་དུ་ ད་རེས་ཀྱི་ ཉི་དྲོད་ནུས་ཤུགས་འཕྲུལ་ཁང་དེ་ ནུས་ཤུགས་ཐོན་ཁུངས་སྣ་མང་བཟོ་ནི་ལུ་ ཐབས་ཤེས་དང་པ་ཅིག་ ཨིན་ཟེར་ཨིན་པས།
འབྲུག་གི་ནུས་ཤུགས་གཙོ་བོ་ར་ གློག་མེ་ཨིན་རུང་ རྒྱལ་ཁབ་ནང་ གནམ་དགུན་གྱི་སྐབས་ གློག་མེ་ཚུ་ རྒྱ་གར་ལས་ ནང་འདྲེན་འཐབ་དགོཔ་བྱུང་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ཟླ་༡༢ པ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༣ གྱི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༦.༠༧ གནས་པའི་ གློག་མེ་ནང་འདྲེན་ འབད་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༡.༧༥ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ཨིན་རུང་ གློག་མེ་ཕྱིར་ཚོང་དེ་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༢༤.༢ ལས་ ན་ཧིང་ དངུལ་ཀྲམ་ཐེར་འབུམ་༡༦.༦༧ ལུ་ མར་བབས་སོང་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༢༥ གི་ནང་འཁོད་ལུ་ ཉི་དྲོད་ནུས་ཤུགས་ མེ་ག་ཝཊི་༥༠༠ དང་ སྤྱི་ལོ་༢༠༣༠ གི་ནང་འཁོད་ལུ་ ཉི་དྲོད་ནུས་ཤུགས་ མེ་ག་ཝཊི་༡,༠༠༠ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
རང་བཞིན་ནུས་ཤུགས་འཛིན་སྐྱོང་འཆར་གཞི་ཨམ་༢༠༡༦ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་ལུ་ ཉི་དྲོད་ནུས་ཤུགས་ མེ་ག་ཝཊི་༡༢ དང་ རླུང་གི་ནུས་ཤུགས་ མེ་ག་ཝཊི་༧༦༠ ཐོན་སྐྱེད་འབད་ནི་གི་ འོས་འབབ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
སྲས་ཕུག་ནུས་ཤུགས་འཕྲུལ་ཁང་གི་ ལས་འགུལ་དབྱེ་ཁག་དང་པ་གིས་ ནུས་ཤུགས་ཡུ་ནིཊི་ས་ཡ་༢༥ ཐོན་སྐྱེད་འབད་ནི་ རེ་བ་ཡོདཔ་བཞིན་དུ་ དེ་གིས་ གུང་པ་༣,༤༧༦ ལུ་ ཁེ་ཕན་ཐོབ་ཚུགསཔ་ད་ ཁྲོམ་སྡེའི་གུང་པ་ཚུ་གིས་ཡང་ ཀི་ལོ་ཝཊི་༥ སྤྱོད་ཚུགས་ནི་ཨིན་པས།
དེ་མ་ཚད་ དབྱེ་ཁག་དེ་གིས་ གལ་སྲིད་ ནུས་ཤུགས་དེ་ ཕྱིར་ཚོང་འཐབ་པ་ཅིན་ ནག་རླུང་ ཀར་བཱན་ཌི་ཨོག་སི་ཇཱན་ ཊཱོན་༢༤,༤༩༤.༥ མར་ཕབ་འབད་ཚུགས་ནི་ཨིན་པས།
ཀི་ཤབ་ཌ་ཀཱལ་གྱིས་ སླབ་མིའི་ནང་ ད་རེས་ ཉི་དྲོད་ནུས་ཤུགས་ མེ་ག་ཝཊི་༥ གི་ ཉི་དྲོད་ནུས་ཤུགས་ཐོན་སྐྱེད་དང་ ནག་རླུང་མར་ཕབ་ཀྱི་ ལཱ་ཚུ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་ལུ་བརྟེན་ ཡོངས་ཀྲུ་དང་ ཀློང་སྨད་གཡུས་ཚན་གྱི་ གུང་པ་༢༢ ལུ་ ཐོ་ཕོག་མི་ཚུ་ལུ་ ལས་འགུལ་གྱི་ ཀི་ལོ་མི་ཊར་༢ འབད་མི་ སོ་ནམ་ཞིང་ལམ་ལུ་ རྩི་ནག་བཏང་བྱིན་ཡོདཔ་ཨིན་པས།
ད་རེས་ མི་སྡེ་ནང་ དགོས་མཁོ་ག་ཅི་ཡོདཔ་ཨིན་ན་ ཧ་གོ་ནི་ལུ་ འབྲེལ་འཛིན་འབད་བའི་བསྒང་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་ལུ་ ལས་འགུལ་ལུ་བརྟེན་ ཐོ་ཕོག་ནི་ལས་ བཀག་ཐབས་ལུ་ ལེགས་ཤོམ་སྦེ་ བདེ་སྒྲིག་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

Advertisement