༉ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྫོང་ཁའི་ལས་སྣ་ལ་ལོ་ཅིག་ སྒེར་སྡེ་ཚུ་ལུ་ བྱིན་ནིའི་ འཆར་གཞི་ཡོད་མི་དང་འབྲེལ་ ལས་སྡེ་ཚུ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གལ་གནད་ཅན་གྱི་ འགན་ཁུར་ཚུ་ འབག་ཚུགས་ནི་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་ གནག་མཚོ་རྡོ་རྗེ་གིས་ བཤད་མིའི་ནང་ འཆར་གཞི་༡༣ པའི་ནང་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ ན་གཞོན་དང་ འཕྲུལ་རིག་ལག་ལེན་ ཌི་ཇི་ཊཱལ་ནང་དོན་ཡར་དྲག་ དེ་ལས་ སྒེར་སྒེ་དང་མཉམ་འབྲེལ་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ རྫོང་ཁ་དེ་ ཁྱད་རྣམ་ཅན་ སྣ་མང་སྦེ་ བཟོ་འོང་ཟེར་ཨིན་པས།
ལས་ཁུངས་ཀྱིས་ སྒེར་སྡེ་དང་ མཉམ་འབྲེལ་གྱི་འཆར་གཞི་དེ་ གཞུང་གི་ཡིག་ཆ་ཚུ་ རྫོང་ཁའི་ནང་ སྐད་སྒྱུར་འབད་ནི་ཨིནམ་བཞིན་དུ་ གནད་དོན་དེའི་སྐོར་ལས་ ལས་སྡེ་དག་པ་ཅིག་དང་ གྲོས་བསྟུན་དང་ ལཱ་གི་འཐུས་ཚུ་ཡང་ བདེ་སྒྲིག་འབད་ཚར་ཏེ་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ སྒེར་སྡེའི་ངོ་རྐྱང་ཚུ་ལུ་ རྫོང་ཁ་དང་འབྲེལ་བའི་ནང་དོན་ཚུ་ ཝི་ཀི་པི་ཌི་ཡ་ནང་ བཙུགས་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ སྤུས་ཚད་དང་འཁྲིལ་ཏེ་ འཐུས་བྱིན་ནིའི་ འཆར་གཞི་ཡང་ ཡོདཔ་ཨིན་པས།
ཟླཝ་འདི་ནང་ལས་ ལས་ཁུངས་ཀྱིས་ འབྲུག་པའི་རང་ལུགས་ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལས་ བདུན་རིམ་ཀུན་གསལ་གསར་ཤོག་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ད་ དེ་གིས་ རྫོང་ཁ་ཀུན་གསལ་ལྷག་མིའི་ གྱངས་ཁ་ཡར་སེང་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་མ་ཚད་ ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༤༩༠ དེ་ཅིག་ལུ་ རྫོང་ཁ་ཀུན་གསལ་གསར་ཤོག་ མཁོ་མངགས་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སློབ་གྲྭ་ཚུ་ལུ་ ཀུན་གསལ་གསར་ཤོག་གི་འདྲ་རེ་ པར་སྐྲུན་འབད་དེ་ རང་སོའི་ དཔེ་མཛོད་ཁང་ནང་ བཞག་དགོཔ་ད་ ཡོངས་འབྲེལ་ཐོག་གི་ ཀུན་གསལ་དེ་ སློབ་དཔོན་ཚུ་ལུ་ བཀྲམ་སྤེལ་འབད་ནི་ལུ་ སེམས་ཤུགས་བྱིན་ཏེ་ཡོདཔ་ཨིན་པས།
ཀུན་གསལ་དང་ ལས་ཁུངས་ཀྱི་བར་ན་ མཉམ་འབྲེལ་འབད་མི་དེ་གིས་ མཐའ་ཟུར་ལས་ཕར་ དམིགས་བསལ་དུ་ སློབ་ཕྲུག་ཚུ་ལུ་ གནས་ཚུལ་ལྷག་ནིའི་ ཁེ་ཕན་བྱུང་སྟེ་ཡོདཔ་མ་ཚད་ ལས་རིམ་དེ་གིས་ སློབ་ཕྲུག་ཚུ་ལུ་ ཞིབ་འཚོལ་དང་ སློབ་གྲྭའི་ལས་སྣ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་ཚུགས་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཤེས་ཡོན་དང་ དཔེ་དེབ་ པར་སྲུང་ དེ་ལས་ གློག་བརྙན་ཚད་གཅིག་ལས་བརྒལ་མེད་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ ལས་ཁུངས་ཀྱིས་ ཌི་ཇི་ཊཱལ་ཤེས་ཡོན་གློག་བརྙན་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
དེ་ཡང་ གཞུང་གིས་ པར་སྐྲུན་གྱི་ཅ་ཆས་ཚུ་ལུ་ མ་རྩ་གཞི་བཙུགས་ ཉུང་སུ་འབད་ནིའི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིན་ཟེར་ ལས་ཁུངས་ཀྱིས་ བཀོད་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ ཌི་ཇི་ཊཱལ་ནང་དོན་གྱི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢༠ བགོ་བཀྲམ་འབད་ཡོདཔ་ད་ གཞི་རིམ་སློབ་གྲྭ་ཚུ་གི་དོན་ལས་ ཤེས་ཡོན་གློག་བརྙན་བཟོ་ནི་ལུ་ ལས་ཁུངས་ཀྱིས་ ཨའེ་བེསཊི་དང་ མཉམ་འབྲེལ་འབད་དེ་ཡོདཔ་ད་ ཨའེ་བེསཊི་གི་ ཨེ་ཌུ་ཀེ་ཡར་རིམ་ལུགས་ ཉོ་མ་ཚུགས་མི་ཚུ་གི་དོན་ལུ་ ལས་ཁུངས་ཀྱིས་ ཟད་འགྲོ་ཚུ་ ཕབ་ཆག་འབད་ནིའི་ ལས་རིམ་ཡོདཔ་ཨིན་པས།
རྫོང་ཁ་གཱུ་གལ་སྐད་སྒྱུར་གྱི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ ལས་འགུལ་དེ་ སྦོམ་ཤོས་ཅིག་འབདཝ་ལས་ དུས་ཚོད་འགོར་ནི་ཨིནམ་ད་ ལས་ཁུངས་ཀྱིས་ འགོ་དང་པ་ར་ གཱུ་གལ་ནང་ རྫོང་ཁའི་མིང་ཚིག་ཚུ་ བཙུགས་དགོཔ་ལས་ མིང་ཚིག་ས་ཡ་༡ དགོཔ་ཡོད་རུང་ ད་རེས་ རྫོང་ཁའི་མིང་ཚིག་༣༠༠,༠༠༠ མ་ལངམ་ཅིག་ བཙུགས་ཏེ་ཡོད་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ད་རེས་ནངས་པ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྫོང་ཁ་-ཨིང་སྐད་ཚིག་མཛོད་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ད་ ལས་ཁུངས་འོག་གི་ རྒྱལ་ཡོངས་དཔེ་མཛོད་ཁང་གིས་ བདུན་ཕྲག་ངལ་གསོའི་སྐབས་ སློབ་ཕྲུག་ཚུ་ལུ་ རྫོང་ཁ་དང་འབྲེལ་བའི་ཞབས་ཏོག་ དཔེ་འབད་བ་ཅིན་ ཁྱིམ་ལཱ་འབྲི་ནི་དང་ རྫོང་ཁའི་གནད་དོན་གཞན་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
དེ་ལས་ ལས་ཁུངས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ སྒྲ་དག་སྤུས་དག་སྦེ་ རྫོང་ཁ་ལག་ལེན་འཐབ་ནིའི་དོན་ལུ་ མཐོང་ཐོས་ཅ་ཆས་ཚུ་ བཟོ་ནིའི་ལཱ་ཚུ་འབད་དོ་ཡོདཔ་ལས་ དེ་ཚུ་ཡང་ རྒྱང་བསྒྲགས་དང་ ཡུ་ཊུབ་ཐོག་ལས་ སྟོན་ནི་ཨིན་པས།
ཧེ་མ་ ལས་ཁུངས་ཀྱིས་ རྫོང་ཁའི་ སྐད་སྒྱུར་རིམ་ལུགས་དང་ ཌི་ཇི་ཊཱལ་ནང་དོན་ཚུ་ བཟོ་ཡོདཔ་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ རྫོང་ཁའི་ལག་ལེན་ མར་ཉམས་འགྱོ་བའི་ ཚ་གྱང་ཡོད་མིའི་ཐད་ཁར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཁ་སྐད་འཇམ་ཏོང་ཏོ་བཟོ་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ གནད་དོན་སེལ་ཐབས་འབད་ནིའི་དོན་ལུ་ ལས་ཁུངས་ཀྱིས་ ཤེས་རིག་ལྷན་ཁག་དང་ གྲོས་བསྟུན་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ གཞུང་འབྲེལ་གྱི་ཞལ་འཛོམས་ཚུ་ རྫོང་ཁའི་ནང་ འགོ་འདྲེན་འཐབ་དགོ་པའི་ཁར་ ཡིག་འགྲུལ་རིགས་ཚུ་ རྫོང་ཁའི་ནང་ གཏང་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་བཏོན་མི་དེ་ ཚུལ་བཞིན་ལག་ལེན་འཐབ་ནིའི་དོན་ལུ་ ལས་ཁུངས་ཀྱིས་ ལྟ་རྟོག་དམ་དམ་འབད་ནི་དང་ དཀའ་ངལ་བྱུང་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡང་ ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མི་ཚུ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ ལས་ཁུངས་ཀྱི་ འགན་ཁུར་རྐྱངམ་གཅིག་ཨིནམ་སྦེ་ མནོ་བསམ་བཏང་མི་ལུ་བརྟེན་ གྲུབ་འབྲས་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
རྫོང་ཁའི་མིང་ཚིག་ཚུ་ ལེ་ཤ་ཡོད་རུང་ ཨིང་སྐད་བཟུམ་སྦེ་ ལག་ལེན་མི་འཐབ་དོ་ཡོདཔ་ལས་ གདོང་ལེན་བྱུངམ་མས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ ལས་ཁུངས་རྐྱངམ་གཅིག་མེན་པར་ སྤྱིར་བཏང་མི་མང་ག་ར་ལུ་ འགན་ཁུར་འདྲན་འདྲ་ ཕོག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement