༉ སྤུ་ན་ཁ་དང་ དབང་འདུས་རྫོང་ཁག་ནང་ ཨཱཕ་རི་ཀེན་ སུ་ཡེན་ཕུ་ལུ་ནད་གཞི་(ASF) ཁྱབ་སྤེལ་སོང་མི་ལུ་བརྟེན་ ཕགཔ་དང་ ཕག་ཤའི་ཐོན་སྐྱེད་ ཕགཔ་གསད་ནི་དང་ ཕག་ཤ་སྐྱེལ་འདྲེན་འབད་ནི་ དེ་ལས་ ཚོང་འབྲེལ་འཐབ་ནི་ལ་སོགས་པ་ཚུ་ བཀག་དམ་འབད་ཡོདཔ་ཨིན་པས།
འབྲུག་ལུ་ འགོ་དང་པ་ར་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༩ ལུ་ པདྨ་དགའ་ཚལ་རྫོང་ཁག་ སྦང་ཡུལ་གཡུས་ཚན་ནང་ཐོན་ཡོདཔ་ད་ འདི་བཟུམ་གྱི་ ཕགཔ་གི་ནད་གཞི་ ཨེ་ཨེས་ཨེཕ་དེ་ སྤྱི་ལོ་༢༠༢༠ལུ་ འགོ་དང་པ་ ཕུན་ཚོགས་གླིང་ལུ་ འཁྱམས་སྡོད་མི་ཕགཔ་ཅིག་ལས་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠ལས་འགོ་བཙུགས་ ཆུ་ཁ་དང་ བསམ་རྩེ་ པདྨ་དགའ་ཚལ་ བཀྲིས་སྒང་ སྤ་རོ་ གསར་སྤང་ དར་དཀར་ནང་ བསམ་གྲུབ་ལྗོངས་མཁར་ སྤུ་ན་ཁ་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ནང་ ཁྱབ་སྤེལ་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠དང་༢༠༢༤ གི་བར་ན་ ཕགཔ་༢,༧༤༠དེ་ཅིག་ ཨེ་ཨེས་ཨེཕ་ནད་འབུབ་ཐོབ་ཡོདཔ་ད་ དེ་གི་གྲངས་སུ་ འདས་པའི་ཟླཝ་ནང་ སྤུ་ན་ཁ་ལུ་༡༢༡ དང་ དབང་འདུས་ལུ་༡༥༢ ཐོབ་ཡོདཔ་ད་ བསྡོམས་ཀྱིས་ཕགཔ་༢༧༣ ལུ་ ནད་འབུབ་ཐོབ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ཐོན་མི་ ནད་འབུབ་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ དར་དཀར་ནང་རྒེད་འོག་ ཟ་བ་ཁའི་ ཕགཔ་གསོ་སྐྱོང་ཁང་ནང་ལས་ ཐོན་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ སྤུ་ན་ཁ་ དཀར་སྦྱིས་སི་རི་སྒང་ལུ་ ཚེ་ཐར་གྱི་ ཕགཔ་གསོ་སྐྱོང་ཁང་ནང་ལས་ ཐོན་ཡོདཔ་སྦེ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཟ་བ་ཁའི་ ཕགཔ་གསོ་སྐྱོང་ཁང་ནང་ ཕགམོ་ཅིག་ལུ་ ནད་འབུབ་ཐོབ་པའི་ཤུལ་ལུ་ ཉིནམ་གསུམ་གྱི་རྒྱབ་ལས་ ཕག་ཅུང་༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཕགཔ་གི་ཇོ་བདག་གིས་ ཉེ་འདབས་ལུ་ཡོད་པའི་ སྒོ་ནོར་རྒྱ་སྐྱེད་ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ད་ རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ ཌོག་ཊར་རྒྱ་མཚོ་གིས་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཞིབ་དཔྱད་ཚུ་འབད་ཡོདཔ་ད་ དེ་ཚེ་ར་ དཔེ་ཚད་ཚུ་ ཐིམ་ཕུག་གསར་སྦི་ཐང་ རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་བརྟག་དཔྱད་ལྟེ་བའི་ནང་ བཏང་ཡོདཔ་ད་ སྤྱི་ཚེས་༢༩ ལུ་ ནད་བརྟག་ཁང་གིས་ བརྟག་ཞིབ་འབད་བའི་སྐབས་ལུ་ ནད་འབུབ་ཨེ་ཨེས་ཨེཕ་དར་ཁྱབ་སོང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་དང་ བར་འབྲེལ་འཐབ་མི་ཚུ་ལུ་ ཚ་གྱང་ལང་སྟེ་ རྒྱལ་ཡོངས་ཨཱཕ་རི་ཀེན་ སུ་ཡེན་ཕི་བར་ནད་གཞི་ བཀག་ཐབས་དང་ ཚད་འཛིན་འཆར་གཞི་༢༠༢༡ ཅན་མའི་དགོངས་དོན་ལུ་ ངོས་ལེན་དམ་དམ་འབད་དེ་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ཡོདཔ་ད་ དབང་འདུས་ལུ་ ཚོང་འབྲེལ་བ་༥༣ དང་ ཚོང་འབྲེལ་བར་མ་ལ་སོགས་པ་ཚུ་བསྡོམས་ ནད་འབུབ་དར་ཁྱབ་སོང་མི་༡,༠༠༠ལྷགཔ་ཅིག་ ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ནད་འབུབ་ཨེ་ཨེས་ཨེཕ་གི་ སྙན་ཞུ་འབད་བའི་ཤུལ་ལུ་ ཚེས་༢༩ ལུ་ ནད་བརྟག་ཁང་གིས་ པི་སི་ཨར་གྱི་ཐོག་ལས་ བརྟག་དཔྱད་འབདཝ་ད་ ངོས་འཛིན་བྱུང་ཡོདཔ་ད་ རྫོང་ཁག་འགོ་ནོར་འགོ་དཔོན་ ཌོག་ཊར་རིན་ཆེན་ཚེ་རིང་གིས་ བཤད་མིའི་ནང་ གནད་དོན་དེ་ ཉེན་འཚུབས་ཅན་ཅིག་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ མགར་ས་དང་ སྤུ་ན་ཁ་གི་ གཞུང་ལམ་བདའ་སྟེ་ ཕགཔ་༡༢༣ ཡོདཔ་ལས་ དེ་ཚུ་གིས་ ནད་འབུབ་དར་ཁྱབ་གཏང་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ ད་ལྟོ་ ཕགཔ་༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡ ལུ་ སྤུ་ན་ཁ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ བཤད་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ནད་གཞི་དར་ཁྱབ་འགྱོ་ནི་ལས་ གང་མགྱོགས་བཀག་ཐབས་འབད་དགོཔ་སྦེ་ ཁྱབ་བསྒྲགས་འབད་ཡོདཔ་ད་ རྫོང་ཁག་ནང་ ཕགཔ་འབག་འོང་ནི་དང་ ཕྱི་ཁར་འབག་འགྱོ་ནི་ཚུ་ཡང་ བཀག་དམ་འབད་ཡི་ཟེར་ཨིན་པས།
ཕགཔ་གསོ་སྐྱོང་འཐབ་མི་ཚུ་ རང་སོའི་གསོ་སྐྱོང་ཚུ་ ལེགས་ཤོམ་སྦེ་ བལྟ་དགོ་ཟེར་སླབ་ཡོདཔ་ད་ ཐབ་ཚང་ནང་གི་ཕྱགས་སྙིགས་ཚུ་ ཕགཔ་ལུ་ བཟའ་མ་བཅུག་པར་བཞག་ནི་དང་ སྒོ་ཁའི་ཕགཔ་ཚུ་ རི་ཕག་དང་གཅིག་ཁར་ སླ་བསྲེས་མ་བཅུག་ཟེར་ སླབ་པའི་ཁར་ གལ་སྲིད་ ཕགཔ་ཚུ་ལུ་ ཤི་རྐྱེན་རེ་འབྱུང་པ་ཅིན་ ཉེ་འདབས་ལུ་ཡོད་པའི་ སྒོ་ནོར་ལྟེ་བ་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་པས།
རྒྱལ་ཡོངས་སྒོ་ནོར་འཕྲོད་བསྟེན་ལྟེ་བའི་ ལས་རིམ་མདོ་ཆེན་ ཌོག་ཊར་སངས་རྒྱས་རིན་ཆེན་གྱིས་ བཤད་མིའི་ནང་ དེ་བཟུམ་གྱི་ ནད་གཞི་དར་ཁྱབ་སོང་མི་ལུ་ ཚོགས་ཆུང་གིས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ གྲོས་འཛོམས་འཚོགས་ཏེ་ འཕྲུལ་རིག་སྡེ་ཚན་དང་ རྐྱེན་ངན་ལག་ལེན་ལྟེ་བ་གིས་ ལཱ་འབད་ནི་འགོ་བཙུགས་ཅི་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement