༉ ཕན་ཚུན་མཉམ་འབྲེལ་གྱི་སྒོ་ལས་ ཁེ་ཕན་བྱུང་བའི་དཔེ་ཡོདཔ་འདྲཝ་འབད་བ་ཅིན་ བུམ་ཐང་སུ་ཡིསི་དར་ཚིལ་ལས་འགུལ་དང་ སོ་ནམ་པ་ཚུ་གིས་ ལམ་ཕྱོགས་དེ་ཁར་ མདུན་ལམ་བཟང་སྟེ་ ལོ་ངོ་བཅུ་ཕྲག་གསུམ་ལྷགཔ་ཅི་ སོང་ཡོདཔ་ཨིན་པས།

དར་ཚིལ་བཟོ་སྦྱོར་ཁང་ནང་ ཨོམ་གྱི་ཐོན་སྐྱེད་དགོ་པའི་ཁར་ སོ་ནམ་པ་༢༥ ལྷགཔ་ཅིག་ལུ་ ཚོང་འབྲེལ་དགོཔ་སྦེ་ཡོདཔ་ད་ བཟའ་ཚང་གིས་ ད་ལྟོ་ཚོང་སྒྱུར་འཐབ་ཡོད་མི་དེ བུམ་ཐང་སུ་ཡིསི་དར་ཚིལ་ལས་འགུལ་གྱི་མིང་ཡང་ སི་ཡིསི་གི་དར་ཚིལ་ ཁྱད་འཕགས་ཅན་སྦེ་ བཟོ་སྦྱོར་འབད་མི་ གཱའུ་ཌ་དང་ ཨིམ་མེན་ཊལ་ དེ་ལས་ དར་ཚིལ་འཇམ་སུ་སྦེ་ ཡོད་མི་ཚུ་ཨིན་པས།

ཉིནམ་ཨ་རྟག་ར་ འོད་ཟེར་ལྷ་མོ་གི་ བུ་སྦོམ་ཤོས་དེ་གིས་ སྣུམ་འཁོར་བཏང་ཐོག་ལས་ ཆོས་འཁོར་རྒེད་འོག་གི་ གཡུས་མི་ སྒོ་ནོར་གསོ་སྐྱོང་འཐབ་མི་ཚུ་གིས་ ལམ་བདའ་བཞག་མི་ ཨོམ་ཚུ་བསྡུ་ལེན་འབད་དོ་ཡོདཔ་ད་ སོ་ནམ་པ་ ལ་ལོ་ཅིག་གིས་ བཟོ་སྦྱོར་ཁང་དེ་ནང་ ཨོམ་བཀྲམ་སྤེལ་འབད་དེ་ ཧ་ལམ་ལོ་ངོ་༣༠ ལྷག་ཡོདཔ་ཨིན་པས།

བུམ་ཐང་སུ་ཡིསི་དར་ཚིལ་ལས་འགུལ་དེ་ སྤྱི་ལོ་༡༩༨༠ གྱ་གྲངས་ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ གཞུང་དང་ ཧེལ་བ་ཊསི་གཉིས་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༩༡ ལས་ གཞུང་གིས་ ལས་འགུལ་དེ་ སྒེར་སྡེ་ལུ་ སྤྲོད་ཡོདཔ་ད་ དེ་ཡང་ བཟའ་ཚང་གི་ལས་སྡེ་ཅིག་སྦེ་ འོད་ཟེར་ལྷ་མོ་བཟའ་ཚང་གིས་ བདག་འཛིན་འཐབ་ཡོདཔ་ཨིན་པས།

ཆོས་འཁོར་ལས་ སྐྱེས་ལོ་༥༧ ལང་མི་ ལམ་ལྡན་གྱིས་ མོ་རའི་བཟའ་ཚང་དང་ མཉམ་འབྲེལ་ཐོག་ བུམ་ཐང་སུ་ཡིསི་དར་ཚིལ་ལས་འགུལ་ནང་ ཨོམ་བཀྲམ་སྤེལ་འབད་དེ་ ལོ་༣༢ ལང་ཡོདཔ་ཨིན་པས།

ང་བཅས་ལུ་ ཚོང་སྒྱུར་འཐབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ ཨོམ་གྱི་ཐོན་སྐྱེད་ག་དེམ་ཅིག་ཡོད་རུང་ བཟོ་སྦྱོར་ཁང་དེ་གིས་ ཉོཝ་ཨིན་ཟེར་ཨིན་པས།

ཧེ་མ་ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ལུ་ཡང་ བཟའ་ཚང་ཚུ་ ཚ་གྱང་ལང་དགོཔ་མེད་པར་ ཨོམ་ཚུ་ག་ར་ བཟོ་སྦྱོར་ཁང་གིས་ ལེན་ཡི་ཟེར་ཨིནམ་ད་ ང་བཅས་ལུ་ ཚོང་འབྲེལ་གྱི་ བྱ་སྟབས་བདེ་དྲག་ཡོད་མི་ལུ་བརྟེན་ སྒོ་ནོར་གསོ་སྐྱོང་འཐབ་ནི་ལུ་ སྟབས་མ་བདེཝ་མེད་ཟེར་ཨིནམ་ད་ ང་བཅས་ཀྱིས་ བཟོ་སྦྱོར་ཁང་གི་ ཇོ་བདག་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་བཞགཔ་ཨིན་ཟེར་ ལམ་ལྡན་གྱིས་ བཤདཔ་ཨིན་པས།

ཐང་སྦིས་ལས་ཨིན་མི་ སྐྱེས་ལོ་༦༨ ལང་མི་ ཨཔ་སངས་རྒྱས་ལ་དེ་ སེམས་དགའ་ཡོད་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ བཟོ་སྦྱོར་ཁང་གིས་ བྱ་སྟབས་བདེ་དྲག་སྦེ་ ཁོང་རའི་བ་ཨོམ་བཞོ་བའི་ཤུལ་ལུ་ ཨོམ་ཚུ་སྣུམ་འཁོར་ལམ་གྱི་ སྦོ་ལོགས་ཁར་ བསྐྱལ་བཞག་ནི་ར་ཨིན་ཟེར་ཨིན་པས།

དེ་གིས་སྦེ་ ང་བཅས་ལུ་ ནོར་འཚོ་སྐྱོང་འཐབ་ནི་དང་ ཨོམ་བཞོ་ནི་རྐྱངམ་གཅིག་མ་གཏོགས་ གཞན་འབད་དགོཔ་ག་ནི་ཡང་མེད་ཟེར་ཨིན་པས།

བུམ་ཐང་སུ་ཡིསི་དར་ཚིལ་ལས་འགུལ་གྱིས་ སོ་ནམ་པ་ཚུ་ལུ་ སྒོ་ནོར་སེམས་ཅན་ ཉོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་གྱི་བསྐྱིན་འགྲུལ་ཚུ་ཡང་ བྱིན་དོ་ཡོདཔ་ད་ དར་ཚིལ་བཟོ་སྦྱོར་འབད་ནིའི་ འཕྲུལ་ཆས་ལུ་ ཨོམ་ལི་ཊར་༨༠༠ དེ་རེ་ བཟོ་སྦྱོར་འབད་ཚུགས་པའི་ ཤུགས་ཚད་ཡོདཔ་ད་ ད་ལྟོ་བཟུམ་ཅིག་ནང་ འབད་བ་ཅིན་ བཟོ་སྦྱོར་ཁང་གིས་ སོ་ནམ་པ་དང་ བ་རཱའུན་སི་ཡིསི་ཚུ་ནང་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༦༠༠ དེ་རེ་ ཐོབ་ཚུགས་དོ་ཡོདཔ་ད་ སོ་ནམ་པ་ཚུ་ལུ་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༨ རེ་ བྱིན་དོ་ཡོདཔ་ཨིན་པས།

འོད་ཟེར་ལྷ་མོ་གིས་ འབད་བཅིན་ ཁོང་ལུ་ ཨོམ་མངམ་སྦེ་ དགོཔ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱི་ བཟོ་སྦྱོར་འཕྲུལ་ཆས་དེ་ གོང་ཚད་ས་ཡ་ལས་བཅད་དེ་སྤྲོད་ཡོདཔ་ལས་ ཨོམ་ལངམ་སྦེ་ ཐོབ་མ་ཚུགསཔ་ད་ གྱོང་རྒུད་འདུག་ཟེར་ཨིན་པས།

ཨིན་རུང་ འོད་ཟེར་ལྷ་མོ་གིས་ བཤད་མིའི་ནང་ དུས་ཅི་ལས་འགོ་བཙུགས་ བ་རཱའུན་སུ་ཡིསི་གསོ་སྐྱོང་ཁང་ནང་ལས་ ཨོམ་ལངམ་སྦེ་ ཐོབ་ཚུགས་པའི་ སྒྲིག་ཆ་འབད་དེ་ཡོད་ཟེར་ཨིནམ་ད་ དར་ཚིལ་སྤུས་ཚད་དང་ལྡནམ་སྦེ་ ཐོན་སྐྱེད་འབད་ནིའི་དོན་ལུ་ ཨོམ་གྱི་སྤུས་ཚད་ཡང་ ལེགས་ཤོམ་དགོཔ་འདུག་ཟེར་ཨིནམ་ད་ བ་རཱའུན་སུ་ཡིསི་གི་ཨོམ་ཚུ་ སྤུས་ཚད་ལེགས་ཤོམ་འདུག་ཟེར་ཨིན་པས།

ད་རེས་ནངས་པར་ རྒྱལ་ཁབ་ནང་ ནོར་གྱི་གྱངས་ཁ་དེ་ མར་བབས་འགྱོ་དོ་ཡོདཔ་ད་ དེ་ཡང་ སྒོ་ནོར་འཚོ་སྐྱོང་འཐབ་མི་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་དེ་ བཤོལ་བཞག་མི་ལུ་བརྟེན་ཨིནམ་ད་ སྒོ་ནོར་ལས་ཁུངས་ཀྱི་ རྩིས་དཔྱད་གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལུ་ ནོར་༣༠༢,༧༤༤ ཡོད་མི་ལས་ བུམ་ཐང་ལུ་ནོར་༡༠,༩༧༧ ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ ནོར་གྱི་གྱངས་ཁ་༢༥༤,༨༩༧ ལུ་ མར་བབས་སོང་བའི་སྐབས་སུ་ བུམ་ཐང་ལུ་ནོར་གྱངས་ཁ་༨,༨༨༥ ལུ་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement