༉ གཞལམ་སྒང་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ ཚོང་ལས་འཐབ་ནིའི་ རེ་འདོད་ཡོད་པ་ཅིན་ གཞལམ་སྒང་ལུ་ ཚོང་ལས་འགོ་བཙུགས་ལྟེ་བ་ སྒོ་ཕྱེས་ཡོདཔ་ཨིན་པས།
ཚོང་ལས་འགོ་བཙུགས་དང་ ཚོང་ལས་ཆུང་བ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ལྟེ་བ་གིས་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ས་གནས་ཀྱི་ མི་སྡེ་ཚུ་ལུ་ གསར་བཏོད་ཚོང་ལས་ ཡར་དྲག་གཏང་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་ལས་ ཀི་ལོ་མི་ཊར་དག་པ་ཅིག་ལུ་ཡོད་མི་ མཐུན་རྐྱེན་དེ་ནང་ ཞལ་འཛོམས་ཁང་དང་ སྦྱོང་བརྡར་མཐུན་རྐྱེན་ གསར་བཏོད་ས་ཁོངས་ ཚོང་ལས་གོང་འཕེལ་ཞབས་ཏོག་ ནད་འབུབ་གསོ་སྐྱོང་ས་ཁོངས་ དེ་ལས་ ཡོངས་འབྲེལ་ལཱ་གི་དོན་ལུ་ ཁང་མིག་བསྡོམས་༢༠ ཡོདཔ་ཨིན་པས།
མི་ཚེའི་ལཱ་གཡོག་རིག་རྩལ་ནང་ གྲལ་གཏོགས་འབད་མི་ རྫོང་ཁག་གི་ སྤྱིར་བཏང་ཞབས་ཏོག་ལས་བྱེདཔ་དང་ ཆུང་རིམ་ཞབས་ཏོག་ལས་བྱེདཔ་གིས་ མངར་ཟས་བཟོ་ནིའི་ ཚོང་ལས་འགོ་བཙུགས་ཡོདཔ་ད་ ས་ཁོངས་གཞན་མི་ཅིག་ པར་རིས་བརྒྱུད་དེ་ སྐྱེ་ལྡན་ལྟ་བཤལ་གོང་འཕེལ་གཏང་མི་ ཚོང་ལསཔ་ན་གཞོན་ཅིག་གིས་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་བདག་ སྐལ་བཟང་འཇིགས་མེད་ཀྱིས་ སླབ་མིའི་ནང་ རྩོལ་སྒྲུབ་དེ་ འཆར་གཞི་༡༣ པའི་དཔལ་འབྱོར་གོང་འཕེལ་དང་ སྒེར་སྡེ་གོང་འཕེལ་ དེ་ལས་ ཚོང་ལས་གོང་འཕེལ་གཏང་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིནམ་ད་ གཞུང་གིས་ སྐྱེ་ལྡན་ལམ་ལུགས་ཚོང་ལས་ ལེགས་བཅོས་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཚོང་ལསཔ་ཚུ་ནང་འཁོད་ལུ་ ཡོངས་འབྲེལ་དང་ མཉམ་འབྲེལ་གོང་འཕེལ་གཏང་ཚུགས་པའི་ རེ་བ་དང་གཅིག་ཁར་ བཟོ་གྲྭའི་མཁས་མཆོག་ཚུ་གིས་ ཡུན་བརྟན་གོང་འཕེལ་གཏང་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།
གཞལམ་སྒང་གི་ དཔལ་འབྱོར་གོང་འཕེལ་དང་ ཚོང་ལས་འགོ་དཔོན་ ཨྱོན་བཟང་མོ་གིས་ སླབ་མིའི་ནང་ ཚོང་ལས་འགོ་བཙུགས་ལྟེ་བ་དེ་ ཡུན་རིང་གི་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ གསར་བཏོད་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིནམ་ད་ ལྷག་པར་དུ་ ཚོང་ལས་གོང་འཕེལ་གཏང་ནི་དང་ ཚེ་གཡོག་གདམ་ཁ་རྐྱབ་ནིའི་དོན་ལུ་ མི་སྡེ་ཚུ་ འབྲེལ་འཛིན་སྦེ་ བཞག་ནིའི་དོན་ལུ་ཨིན་པས།
ང་བཅས་ཀྱི་ འཆར་སྣང་དེ་ཡང་ སྐྱེ་ལྡན་ལུགས་ལུགས་ཡར་གཏང་སྟེ་ ས་གནས་ཀྱི་ ཚོང་ལས་འགོ་བཙུགས་མི་ཚུ་ གོང་འཕེལ་གཏང་ནི་ཨིནམ་མ་ཚད་ ལུང་ཕྱོགས་ཀྱི་དཔལ་འབྱོར་ལུ་ དམིགས་བསལ་དུ་ ཕན་འདེབས་འབད་ནིའི་དོན་ལུ་ཨིན་ཟེར་ མོ་གིས་སླབ་ཨིན་པས།
རྫོང་ཁག་གིས་ བསླབ་སྟོན་ལས་རིམ་དང་ མ་དངུལ་ཀྱི་ ཐོབ་སྤྱོད་མཐུན་རྐྱེན་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་འབད་ཐོག་ལས་ ཚོང་ལསཔ་ཚུ་ ཚོང་ལས་འགོ་བཙུགས་ལྟེ་བ་ཚུ་ནང་ རྒྱ་སྐྱེད་འབད་ནི་ཨིན་པས།
འགོ་བཙུགས་ཐོན་སྐྱེད་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ ལས་རིམ་དང་ གོ་བསྡུར་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ནི་དང་ སྤྱིར་བཏང་མི་གིས་ མཐོང་ཚུགསཔ་བཟོ་ནི་ ཚོང་མགྲོན་པ་དང་ མ་རྩ་བཙུགས་མི་ཚུ་ གྲལ་གཏོགས་འབད་བཅུག་ནི་ཨིན་པས།
ཧེ་མའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་ནང་ གཞི་བཙུགས་འབད་མི་ ཚོང་ལས་ལྟེ་བ་དེ་ རྫོང་ཁག་བདག་སྐྱོང་གིས་ མ་དངུལ་ས་ཡ་༢.༤༥ ཟད་འགྲོ་བཏང་སྟེ་ ཉམས་བཅོས་འབད་ཡོདཔ་ཨིན་པས།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གིས་ ལྟེ་བ་དེ་ནང་ ཅ་ཆས་ཚུ་བཙུགས་ནི་དང་ ལེགས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement