༉ སྤྱི་ཟླ་༧ པའི་ཚེས་༧ ལུ་ གཞལམ་སྒང་ བར་དོ་རྒེད་འོག་ལས་ སྐྱེས་ལོ་༩ ལང་མི་ རྡོ་རྗེ་དབང་མོ་དེ་ ཡེ་སྦིས་ལབ་རྩ་སྨན་ཁང་ནང་ལས་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྐྱེལ་བའི་ལམ་ཁར་ གཞལམ་སྒང་དང་ དགེ་ལེགས་ཕུག་གི་གཞུང་ལམ་ཁར་ བོགསི་ཀཊ་ལུ་ འཁོར་ལམ་བསུབས་ཡོདཔ་ལས་ དུས་ཚོད་ཁར་ སྨན་ཁང་ནང་ མ་ལྷོད་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག།
ནདཔ་སྐྱེལ་འདྲེན་འབད་མི་སྣུམ་འཁོར་དེ་ འཇིགས་མེད་ཆོས་གླིང་གཞི་རྟེན་སྨན་ཁང་ནང་ སྲོག་རླུང་བསྐྱར་གསོ་འབད་དེ་ ལོག་འོང་པའི་ལམ་ཁར་ བུམོ་དེ་ ཤི་སོཔ་ཨིན་པས།
ཚེ་འདས་བུམོ་དེ་གི་ དུག་ཡོད་པའི་ ཤ་མུ་ཟ་སྟེ་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ཕྱི་རུའི་ཆུ་ཚོད་༥ ལུ་ བུ་ལི་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༧ ལུ་ ཡེ་སྦིས་ལབ་རྩ་སྨན་ཁང་ནང་ བསྐྱལ་ཡོདཔ་ཡོདཔ་ཨིན་པས།
བུམོ་དེ་ གྱོངས་སོ་པའི་ཤུལ་ལས་ ཚེ་འདས་ཀྱི་ བཟའ་ཚང་ཚུ་གིས་ བུ་ལི་སྨན་ཁང་གིས་ སྣང་མེད་བཞག་པའི་ཁར་ སྨན་ཁང་སྦོམ་ནང་བསྐྱལ་ནི་ལུ་ དུས་ཚོད་ཕྱིས་ཡོད་པའི་ ཉོགས་བཤད་བཀོད་ཡོདཔ་ད་ བུམོ་གི་ གནས་སྟངས་དེ་ དྲོ་པའི་ཆུ་ཚོད་༤ ལས་ ལེགས་ཤོམ་མེད་ནི་དེ་གིས་ དྲོ་པ་ལས་ ཞུ་བ་འབད་ཡོད་རུང་ ཌོག་ཊར་དེ་གིས་ ཆུ་ཚོད་༩ ལུ་མ་གཏོགས་ སྨན་ཁང་ནང་ འོང་མ་བཏུབ་ཟེར་ ཚེ་འདས་བུམོ་གི་ སྤུན་ཆ་ཅིག་གིས་ བཤདཔ་ཨིན་པས།
བུམོ་གི་གནས་སྟངས་དེ་ སྐྱོ་དྲགས་ཐལ་ཡོད་རུང་ སྨན་ཁང་ནང་ ཉིནམ་༢ ལྟ་རྟོག་བཞག་པའི་ཤུལ་རྐྱངམ་གཅིག་ སྨན་ཁང་སྦོམ་ནང་ བསྐྱལ་ཡོདཔ་ད་ གལ་སྲིད་ བུམོ་དེ་ དུས་ཚོད་ཁར་ སྨན་ཁང་ནང་སྦོམ་ནང་ བསྐྱལ་བ་ཅིན་ སྲོག་སྐྱབས་འབད་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
ཚེ་འདས་བུམོ་དེ་ དུས་ཚོད་ཕྱིས་མི་དེ་ཡང་ བུ་ལི་སྨན་ཁང་ནང་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་མེད་མི་ལུ་བརྟེན་ཨིནམ་ད་ སྨན་ཁང་གི་ ཧེ་མའི་སྣུམ་འཁོར་དེ་ མེདཔ་ཐལ་ཏེ་ གསོ་བ་ལྷན་ཁག་ནང་ རྩིས་སྤྲོད་འབད་ཡོདཔ་ལས་ སྣུམ་འཁོར་མེད་པཔ་ ཟླཝ་༡ དེ་ཅིག་ ལང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་སྤུན་ཆ་ཚུ་གིས་ སྨན་ཁང་ལུ་ སྨན་གཡོགཔ་ཅིག་དང་སྦྲགས་ཏེ་ སྒེར་གྱི་སྣུམ་འཁོར་ནང་ བསྐྱལ་དགོ་པའི་ ཞུ་བ་འབད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ སྨན་ཁང་སྦོམ་ནང་ སྐྱེལ་འདྲེན་འབད་ནིའི་གྲོས་ཆོད་དེ་ ཕྱིས་སུ་ཅིག་སྦེ་ འོང་ཡི་ཟེར་ཨིན་པས།
ནུབ་མོའི་ཆུ་ཚོད་༡༠ལུ་ནང་རྐྱངམ་གཅིག་ ཡེ་སྦིས་ལབ་རྩ་གི་ ནད་པའི་སྣུམ་འཁོར་ ཞུ་བ་འབད་ཡོདཔ་ད་ སྣུམ་འཁོར་དེ་ དྲོ་པའི་ཆུ་ཚོད་༡ ལུ་ ལྷོད་པའི་ཤུལ་ལས་ སྨན་ཁང་ནང་ དྲོ་པའི་ཆུ་ཚོད་༣.༣༠ལུ་མ་གཏོགས་ ལྷོད་མ་ཚུགས་ཟེར་ ཚེ་འདས་ཀྱི་ སྤུན་ཆ་ཅིག་གིས་ བཤདཔ་ཨིན་པས།
བཟའ་ཚང་ཚུ་ བོགསི་ཀཊ་ལུ་ ཆུ་ཚོད་༢ དེ་ཅིག་ བསྒུགས་ཡོདཔ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཞུ་བ་འབད་ཡོདཔ་བཞིན་དུ་ གནམ་གྲུ་གིས་ ཚར་༢ དེ་ཅིག་ འོང་ནི་གི་ དཔའ་བཅམ་ཡོད་རུང་ གནམ་གཤིས་ལེགས་ཤོམ་མེདཔ་ལས་ འོང་མ་ཚུགསཔ་ཨིན་པས།
བུ་ལི་སྨན་ཁང་གི་ཌོག་ཊར་ འཇིགས་མེད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ནདཔ་གི་ཁ་གསལ་སྙན་ཞུ་ཚུ་ རྒྱལ་ཡོངས་གསོ་བའི་ཞབས་ཏོག་ལུ་ བྱིན་ཏེ་ཡོདཔ་ད་ སྨན་ཁང་གི་སྣུམ་འཁོར་དེ་ མོ་ར་ སྨན་ཁང་ནང་མ་ལྷོད་པའི་ ཟླཝ་༣ གྱི་ཧེ་མ་ལས་ར་ ལྷན་ཁག་ནང་ རྩིས་སྤྲོད་འབད་ནུག་ཟེར་ མོ་གིས་ དོགས་སེལ་འབདཝ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཤ་མུ་གི་ དུག་གིས་སྦེ་ ཚེ་འདས་ཀྱི་ གཟུགས་ཀྱི་ཆ་ཤས་ཚུ་ ལཱ་འབད་མ་བཏུབ་ཐལ་ཡོད་པའི་ དོགས་པ་ཡོདཔ་ད་ ནདཔ་དེ་ སྨན་ཁང་ནང་ སྐྱེལ་བའི་སྐབས་ དབུགས་གཏོང་ལེན་གྱི་སྨན་དུང་ ནང་ན་མ་བཙུགས་པར་ལུས་པའི་ཁར་ ཕོཝ་སྟོད་ལུ་ ཁྲག་ལེ་ཤ་ཐོན་ཡོདཔ་མ་ཚད་ དྲན་པ་མེདཔ་ཐལ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ སྡེ་འཛིན་ཌོག་ཊར་ ཆོས་གྲགས་རྒྱ་མཚོ་གིས་ སླབ་མིའི་ནང་ སྨན་ཁང་གི་ སྣུམ་འཁོར་དེ་ དྲོ་པ་ལས་བཏང་ཡོད་རུང་ ལམ་བདའ་སྟེ་ ཆུ་རུད་ཐོན་མི་དང་ མི་གིས་མ་མཐོང་མི་ལུ་བརྟེན་ ཐོགས་ལུས་སོ་ནུག་ཟེར་ཨིན་པས།
ནདཔ་གི་སྣུམ་འཁོར་ནང་ སྲོག་རླུང་རྫོགས་སོཔ་ལས་ འཇིགས་མེད་ཆོས་གླིང་སྨན་ཁང་ནང་ ལོག་སྲོག་རླུང་བསྐྱར་གསོ་འབད་དེ་ འགྱོ་བའི་ལམ་ཁར་ ཤི་སོ་ནུག་ཟེར་ཨིན་པས།
ཚེ་འདས་བུམོ་འཁྱིད་དེ་ ཡེ་སྦིས་ལབ་རྩ་གི་ གསོ་བའི་གཙོ་འཛིན་འགོ་དཔོན་འོང་ཡོདཔ་ད་ ལམ་བསུབས་མི་ལས་ བུམོ་དེ་ སྒལ་ཏོ་ཁར་འབག་སྟེ་ ལམ་ཕར་ཁར་འབག་ནིའི་འཆར་གཞི་ཡོད་རུང་ འཁོར་ལམ་དེ་ རྩ་བ་ལས་ འཕྱགས་བདའ་ཡོདཔ་ལས་ འབད་མ་ཚུགསཔ་ཨིན་པས།
ནདཔ་པའི་གནས་སྟངས་དེ་ ལེགས་ཤོམ་མ་འགྱོ་བའི་ཁར་ འཁོར་ལམ་ཁག་མ་འདྲཝ་ཚུ་ནང་ བསུབས་སྟེ་ཡོདཔ་ལས་ དུས་ཚོད་ཁར་ དགེ་ལེགས་ཕུག་སྨན་ཁང་ནང་ བསྐྱལ་མ་ཚུགས་ཟེར་ གསོ་བའི་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཧེ་མ་ ཚེ་འདས་བུམོ་དེ་ ཁོམས་ཤར་གཞི་རྟེན་སྨན་ཁང་ནང་ལས་ ཨོ་ཨར་སི་དང་ ཌའི་སི་ཀོ་ལོ་མཱན་སྨན་བྱིན་པའི་ཤུལ་ལས་ ལོག་ཁྱིམ་ནང་བཏང་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡ ལུ་ དུག་ཡོད་པའི་ ཤ་མུ་ཟ་བའི་ཤུལ་ལས་ ཚེ་འདས་ཀྱི་ བཟའ་ཚང་འཐུས་མི་ཚུ་ལུ་ བཤལ་ནད་དང་ ཕོཝ་ན་ནི་ ཁ་ལས་དུམ་གྲ་རེ་སྐྱུག་ཡོདཔ་ད་ བཟའ་ཚང་འཐུས་མི་༣ དེ་ཡང་ སྨན་ཁག་ནང་ བསྐྱལ་ཡོདཔ་ཨིན་པས།
སྨན་ཁང་དང་འཁྲིལ་བ་ཅིན་ ནདཔ་ཚུ་ལུ་ ཆུ་སྐམ་དང་འབྲེལ་བའི་ རྟགས་མཚན་ཚུ་ མ་འཐོན་པར་ཡོདཔ་ད་ དེ་བསྒང་ ཤ་མུ་ཟ་མི་ཚུ་ སྟབས་གཅིག་ཁར་ ནདཔ་ཐོན་ཡོད་པའི་ སྙན་ཞུ་མ་འབད་ཟེར་ཨིན་པས།
ཞིབ་དཔྱད་འབད་ནིའི་ མཐུན་རྐྱེན་ཚུ་མེདཔ་ལས་ དུག་ཡོད་པའི་ཤ་མུ་ཟ་ཡོདཔ་ གཏན་འཁེལ་སྦེ་ མ་ཤེས་ནི་དེ་གིས་ སོལ་མོ་ཚུ་ བྱིན་མ་ཚུགསཔ་ཨིན་པས།
གློ་བུར་ཐག་ལམ་ལག་ལེན།
རྐྱེན་ངན་བྱུང་པའི་སྐབས་ ས་གནས་ནང་སྡོད་མི་དང་ གསོ་བའི་ལས་བྱེདཔ་ཚུ་གིས་ དེ་བཟུམ་མའི་ གློ་བུར་གྱི་ དཀའ་ངལ་བྱུངམ་ད་ དམིགས་བསལ་དུ་ འཁོར་ལམ་བསུབས་མི་དང་ གནམ་གྲུ་ལྷོད་མ་ཚུགས་པའི་ ནམ་དུས་ལུ་ གློ་བུར་ཐག་ལམ་ལམ་ལུགས་ཀྱིས་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
གསར་སྤང་ འགྲོ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ བསོད་ནམས་བཀྲིས་ཀྱིས་ དེ་བཟུམ་མའི་ ཐབས་ལམ་ལུ་ ངོས་ལེན་འབད་ཡོདཔ་བཞིན་དུ་ གནད་དོན་དེ་ ལྷན་ཁག་ལུ་ སྙན་ཞུ་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨོ་སེ་ལུ་ ཐག་ལམ་ལག་ལེན་འཐབ་མི་གིས་ བོགསི་ཀཊ་ལུ་ཡང་ བཙུགས་ནི་གི་ དང་འདོད་བསྐྱེད་དེ་ཡོད་རུང་ བོགསི་ཀཊ་ལུ་ མི་ཊར་༣༠༠དེ་ཅིག་ཡོདཔ་ལས་ འབད་མ་ཚུགས་སྐོར་ལས་ བཤད་ཡོདཔ་ད་ ཨོ་སེ་ལུ་ མི་ཊར་༢༠༠ལས་བརྒལ་མེདཔ་ཨིན་པས།
ང་བཅས་ཀྱིས་ ཐག་ལམ་ལག་ལེན་གྱི་ གྲོས་འཆར་ཐོག་ལས་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།
འགྲོ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་ ཚ་ཆུའི་ས་ཁོངས་དང་ གཙང་ཆུའི་རྒྱབ་ཕྱོགས་ལས་ ཟུར་ལམ་བསལ་ནི་གི་ ཁ་གསལ་སྙན་ཞུ་མཇུག་བསྡུ་ཡོདཔ་ད་ ཟུར་ལམ་བསལ་ནི་དེ་ ད་ལྟོའི་ རྩིས་ལོ་ནང་ གྲོས་འཆར་བཙུགས་ཏེ་ཡོདཔ་ཨིན་པས།
ཟུར་ལམ་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ནུག།
གནམ་བྱཱར་ཨ་རྟག་ར་ བོགསི་ཀཊ་འཁོར་ལམ་ བསལ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༢ དེ་རེ་ ཟད་འགྲོ་བཏང་དོ་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ཚོད་ དངུལ་ཀྲམ་ས་ཡ་༢༠ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།