༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གི་ དབུ་ཁྲིད་འོག་ལུ་ ཆེ་རིམ་གནས་ཚད་ཀྱི་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཁོང་རའི་རྫོང་ཁག་ནང་ སྣ་མང་ལས་བྱེད་ཚོགས་ཆུང་དང་ མི་སྡེའི་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་ཚུ་ རྩ་བརྟན་བཟོ་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
སྣ་མང་ལས་བྱེད་ཚོགས་ཆུང་དང་ མི་སྡེའི་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་ཡོངས་འབྲེལ་དེ་ མི་སྡེའི་ནང་ མི་མང་གསོ་བའི་འཕྲོད་བསྟེན་དང་ མི་སྡེའི་གནད་དོན་གྱི་ གོ་སྐབས་དོན་ལུ་ མི་དབང་རྒྱལ་ཡུམ་མཆོག་གི་ སྐྱབས་འཛིན་འོག་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྣ་མང་ལས་བྱེད་ཚོགས་ཆུང་དེ་ གསོ་བ་ལྷན་ཁག་གི་འོག་ལུ་ སྤྱི་ལོ་༢༠༠༡ ལུ་ གཞི་བཙུགས་འབད་ཡོདཔ་ད་ མི་སྡེའི་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་དེ་ སྤྱི་ལོ་༢༠༠༥ ལུ་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་འོག་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ཡོངས་འབྲེལ་གཉིསཔོ་དེ་ གཅིག་གྱུར་ཐོག་ལས་ ལཱ་འབད་དོན་གྱི་དམིགས་གཏད་ལུ་ མཉམ་སྡེབ་བཟོ་ཡོདཔ་ཨིན་པས།
ལས་རིམ་དེ་ འགོ་བཙུགས་པའི་སྐབས་སུ་ མི་མང་ལུ་ ཞབས་ཏོག་ལྷོད་མ་ཚུགས་པར་ལུས་མི་དེ་ ལྷོད་ཚུགསཔ་བཟོ་ནིའི་ལག་ཆས་བཟུམ་ཅིག་དང་ ས་གནས་ཀྱི་ གནད་དོན་ཚུ་ སེལ་ཐབས་འབད་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ འཆང་དངུལ་གྱི་གདོང་ལེན་དང་ མི་སྟོབས་ལང་མ་ཚུགས་མི་ དེ་ལས་ མཉམ་འབྲེལ་སྐྱོ་དྲག་འབད་མི་ཚུ་ཡང་ ཡོདཔ་ཨིན་པས།
ཆེ་རིམ་གནས་ཚད་ཀྱི་ གྲོས་བསྟུན་ཞལ་འཛོམས་ འགོ་འདྲེན་འཐབ་མི་དེ་ ཡོངས་འབྲེལ་བྱ་རིམ་ནང་ ལཱ་འབད་མ་ཚུགས་པར་ལུས་མི་ཚུ་ ངོས་འཛིན་འབད་ནི་དང་ བར་འབྲེལ་བ་ཚུ་ལས་ བསམ་འཆར་ལེན་ནི་ ཡོངས་འབྲེལ་དེ་ རྩ་བརྟན་བཟོ་དོན་ལུ་ ཐབས་བྱུས་གོང་འཕེལ་གཏང་ནི་ཚུ་ ཡོདཔ་ཨིན་པས།
འཆར་དངུལ་གྱི་ གདོང་ལེན་འབྱུང་མི་ལུ་བརྟེན་ གསོ་བ་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ སྣ་མང་ལས་བྱེད་ཚོགས་ཆུང་དང་ མི་སྡེ་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་དོན་ལུ་ དངུལ་ཀྲམ་ས་ཡ་༥ བཞག་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ འཆར་དངུལ་ཚུ་ མགྱོགས་པ་ར་ རྫོང་ཁག་ཚུ་ནང་ རང་སོའི་དགོས་མཁོ་དང་བསྟུན་ བགོ་བཀྲམ་འབད་ནི་ཨིན་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སྣ་མང་ལས་བྱེད་ཚོགས་ཆུང་དང་ མི་སྡེ་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་དེ་ འཆར་གཞི་ནང་བཙུགས་ཞིནམ་ལས་ རྒེད་འོག་འཆར་གཞི་གི་འོག་ལུ་ འཆར་དངུལ་བཞག་ནི་དང་ འཆར་གཞི་དང་འཁྲིལ་བའི་ ལཱ་ཚུ་འབད་ནི་ཨིན་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱིས་ ལཱ་འབད་ནི་དང་ དེ་ཡང་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་དང་ ས་གནས་གཞུང་དང་མཉམ་འབྲེལ་ཐོག་ལས་ སྣ་མང་ལས་བྱེད་ཚོགས་ཆུང་དང་ མི་སྡེའི་གཞི་རྟེན་རྒྱབ་སྐྱོར་རིམ་ལུགས་དེ་ ཡར་དྲག་བཟོ་སྟེ་ ལོ་བསྟར་གྱི་འཆར་གཞི་ནང་བཙུགས་ཐོག་ལས་ ཟླཝ་གསུམ་གསུམ་གྱི་བར་ན་ བསྐྱར་ཞིབ་ཚར་རེ་འབད་དེ་ ཟད་འགྲོ་དང་ གནད་དོན་གཞན་གྱི་རིགས་ཚུ་ བལྟ་ནི་ཨིན་པས།
ནཱ་རོ་རྒཔོ་ མགོནམ་ཚེ་རིང་གིས་ བཤད་མིའི་ནང་ འདི་བཟུམ་གྱི་བྱ་རིམ་ནང་ མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱབ་སྐྱོར་སྦོམ་མཛད་གནང་ཡི་ཟེར་ཨིནམ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་རུང་ ཡོངས་འབྲེལ་དེ་ རྩ་བརྟན་བཟོ་སྟེ་ ལག་ལེན་སྒྲིང་སྒྲི་སྦེ་ བསྟར་སྤྱོད་འབད་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ག་ར་གིས་ འདི་ལུ་རྒྱབ་སྐྱོར་ཡོདཔ་སྦེ་ ཞུ་མི་དང་འབྲེལ་ རྫོང་ཁག་ཚུ་ནང་ གློ་བུར་གྱི་ སྡོད་གནས་ཚུ་དགོ་པའི་ཁར་ ཕོ་མོའི་ནང་འཁོད་རྩུབ་སྤྱོད་ དམིགས་བསལ་གྱི་ མཐའ་ཟུར་རྒེད་འོག་ཚུ་ནང་ རྩོད་གཞི་འཛིན་སྐྱོང་པ་ བསྐོ་བཞག་འབད་དགོཔ་ཡོདཔ་སྦེ་ཨིན་པས།
མཐའ་ཟུར་ས་གནས་ཚུ་ནང་ ཁྲོམ་སྡེ་དང་ཕྱདཔ་ད་ ཕོ་མོའི་ནང་འཁོད་རྩུབ་སྤྱོད་ཀྱི་ གནད་དོན་མང་སུ་ཐོན་དོ་ཡོདཔ་ད་ འདི་ལུ་ཞབས་ཏོག་ཚུ་ ཚུལ་ལྡན་སྦེ་ བྱིན་མ་ཚུགས་པར་ཡོད་ཟེར་ རྒཔོ་གིས་བཤདཔ་ཨིན་པས།
ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ཀྱིས་ མི་སྡེའི་ནང་ ཞབས་ཏོག་ཚུ་ ཚུལ་ལྡན་བྱིན་ཐབས་ལུ་ རྫོང་ཁག་༡༠ ནང་ མི་སྡེ་ཞབས་ཏོག་ལྟེ་བ་༡༠ གཞི་བཙུགས་འབད་བའི་ཁར་ ད་རུང་ ལྟེ་བ་༦ རྐྱབ་པའི་བསྒང་ཡོདཔ་ད་ ལྟེ་བ་དེ་ཚུ་ནང་ གློ་བུར་གྱི་མཐུན་རྐྱེན་ཚུ་ ཡོདཔ་སྦེ་ཨིན་པས།
ཞལ་འཛོམས་ནང་ རྫོང་བདག་དང་ ཁྲོམ་དཔོན་ རྫོང་ཁག་ཚོགས་འདུ་ཁྲི་འཛིན་ རྒཔོ་ དེ་ལས་ རྒེད་འོག་༢༠༥ ནང་ལས་ རྫོང་ཁག་འགོ་དཔོན་དང་ གསོ་བ་དང་ཤེས་རིག་བློན་པོ་ འཛམ་གླིང་སྤྱི་ཚོགས་མ་དངུལ་ འཛམ་གླིང་གསོ་བའི་ལས་ཚོགས་ དེ་ལས་ ཨ་ལོ་ཉེན་སྲུང་གི་ འཐུས་མི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement