༉ གཞུང་གི་བཀོད་རྒྱ་དང་འཁྲིལ་ རྒྱལ་ཡོངས་གནམ་གཤིས་དང་ཆུ་དཔྱད་རིག་པའི་ལྟེ་བ་གིས་ ལུང་ནག་ནང་ ཐོ་ཐོར་མི་ ཁྱེགས་མཚོའི་ཚད་གཞི་དེ་ མར་ཕབ་འབད་ནི་ཨིན་པས།
འབྲུག་ལུ་ ཉེན་ཁ་ཅན་གྱི་ཁྱེགས་མཚོ་༡༧ ཡོད་པའི་གྲས་ལས་ ཉེན་ཁ་སྦོམ་ཤོས་ཅིག་ཨིན་མི་ ཐོ་ཐོར་མི་ཁྱེགས་མཚོ་དེ་ རྦེད་འགྱོ་ནིའི་ ཉེན་ཁ་སྦོམ་ར་ཡོད་མི་ལུ་བརྟེན་ གྲོས་ཐག་བཅད་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་འབད་བ་ཅིན་ ཐོ་ཐོར་མི་ཁྱེགས་མཚོ་དེ་ རྦེད་འགྱོ་ནིའི་ཚད་གཞི་ ཉེན་ཁ་ཅན་ཅིག་གུ་ ལྷོད་དེ་ཡོད་པའི་ ངོས་འཛིན་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་གནམ་གཤིས་དང་ཆུ་དཔྱད་རིག་པའི་ལྟེ་བ་གིས་ ཆུའི་ཚད་གཞི་དེ་ མར་ཕབ་འབད་ནིའི་ཐབས་བྱུས་དང་ ཁྱེགས་མཚོ་རྦེད་དེ་ ཆུ་རུད་འཐོན་ནིའི་ཉེན་ཁ་ཚུ་ མར་ཕབ་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ་ད་ ཐབས་བྱུས་གསརཔ་ཐོག་ལས་སྦེ་ ས་མཐོ་ས་ཚུ་ནང་ ཁྱེགས་ཆགས་ཡོད་མིའི་ ཁྱེགས་བཞུ་འོང་མི་ཆུ་ཚུ་ ཐད་ཀར་དུ་ ཆུ་འགྱོ་སའི་ཆུ་ལམ་ཁར་གཏང་ནི་དེ་ དཔེ་འབད་བ་ཅིན་ སྣུམ་འཁོར་ནང་ལས་ མར་ཁུ་བཏོན་དོ་བཟུམ་སྦེ་ གྱིབ་དུང་ལག་ལེན་འཐབ་སྟེ་ ཐབས་བྱུས་ཚུ་བཏོན་ནི་ཨིན་པས།
ཁྱེགས་མཚོ་ཞབས་ཏོག་སྡེ་ཚན་གཙོ་འཛིན་ ཀརྨ་གིས་ བཤད་མིའི་ནང་ ཐོ་ཐོར་མི་མཚོ་དེ་ རྒྱ་ཚད་སྦོམ་མགྱོགས་སུ་སྦེ་ འགྱོ་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ དྲོད་ཤུགས་ལུ་བརྟེན་ ཁྱེགས་བཞུ་འགྱོ་ནི་དེ་གིས་ ཨིནམ་བཞིན་དུ་ གནས་སྟངས་དེ་ཡང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཉེན་ཁ་ཆེ་སུ་སྦེ་ཡོདཔ་ད་ གལ་སྲིད་ ད་ལྟོའི་གནམ་གཤིས་ཚ་དྲོད་དང་བསྟུན་པའི་ ཆུ་མཛོད་དེ་ མེདཔ་བཏང་དཔ་འདྲཝ་འབད་བ་ཅིན་ དེ་ཁའི་ཆུ་ཚུ་ག་ར་ རབ་ཕྲེང་མཚོ་ནང་འོང་བའི་བསྒང་ལས་ ཁྱེགས་མཚོ་ལུ་བརྟེན་པའི་ ཉེན་ཁ་སྦོམ་འབྱུང་ནི་ཨིན་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཐོ་ཐོར་མི་ཁྱེགས་མཚོ་དེ་ ཁྱེགས་ཀྱིས་གང་སྟེ་ཡོད་པའི་གུ་ མཚོའི་ནང་ཁྱེགས་དུམ་གྲ་རེ་ མཚོའི་ཁ་ལས་ཕར་ སྡིངས་སྡོད་སར་མཐོང་དོ་ཡོདཔ་ད་ མཚོ་དེ་ རབ་ཕྲེང་མཚོ་དང་ སོ་སོར་བཟོ་ཡོདཔ་ཨིན་པས།
མཚོའི་བར་ན་ཡོད་པའི་ ཁྱེགས་སྦོམ་དེ་ སྤྱི་ལོ་༢༠༠༨ ལུ་འབད་བ་ཅིན་ རྒྱ་ཚད་མི་ཊར་༤༥ ཡོད་དེ་འབད་རུང་ སྤྱི་ལོ་༢༠༡༩ ལུ་ འབད་བ་འི་བསྒང་ལས་ རྒྱ་ཚད་མི་ཊར་༣༣ གུ་ མར་བབས་ཡར་སོ་ནུག་ཟེར་ཨིན་པས།
སྟབས་ལས་སྟེང་དབང་གིས་ བར་ན་ཡོད་པའི་ཁྱེགས་དེ་ མེདཔ་སོང་སྟེ་འབད་བ་ཅིན་ དེ་འཕྲོ་ལས་ ཐོ་ཐོར་མི་ཁྱེགས་མཚོ་དེ་ རབ་ཕྲེང་མཚོ་ནང་འོང་ནི་ཨིནམ་ལས་ མཚོ་དེ་གཉིས་གཅིག་ཁར་བསྡོམས་པའི་ ཆུ་རུད་ཀྱི་ཚད་གཞི་དེ་ ཆུ་ཀིའུ་བིག་མི་ཊར་ གནས་ཚད་ས་ཡ་༥༣ གུ་ལུ་ལྷོད་ནི་ཨིན་མས་ཟེར་ ཞིབ་འཇུག་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠པའི་ཚེས་༣༠ལུ་ ཐོ་ཐོར་མི་མཚོ་དེ་ ཉེན་ཁ་ཅན་ཅིག་སྦེ་ ཆུའི་ཚད་གཞི་ཡར་སེང་སོང་སྟེ་ ཕོ་ཆུའི་ནང་ ཆུ་རུད་འཐོན་ནི་འབད་ཡོད་རུང་ དེ་གི་ནངས་པར་འབདཝ་ད་ ཆུའི་ཚད་གཞི་དེ་ ལོག་མར་བབས་སོང་ཡོདཔ་སྦེ་ཨིན་པས
འདི་དང་འདྲཝ་སྦེ་ སྤྱི་ལོ་༢༠༡༩ ཟླ་༦ པའི་ནང་ཡང་ ཉེན་ཁ་ཚུ་བྱུང་ཡོདཔ་ལས་ ཁྱེགས་མཚོ་གཉིས་པའི་ནང་ གི་ ཆུ་ག་ར་ཐོན་སོང་ཡོདཔ་ད་ ཐོ་ཐོར་མི་ལུ་ རྒྱལ་ཡོངས་གནམ་གཤིས་དང་ ཆུ་དཔྱད་རིག་པའི་ལྟེ་བ་གིས་ དབྱེ་ཞིབ་འབད་བའི་སྐབས་ མཚོའི་ཚད་གཞི་ཡར་འཕར་འགྱོ་མི་དེ་ གཙོ་བོ་ར་ གནམ་གཤིས་གནས་སྟངས་ འགྱུར་བགྲོད་དང་བསྟུན་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ཐང་བཟང་གནམ་གཤིས་ལས་སྡེ་གིས་ གསལ་སྟོན་འབད་མིའི་ནང་ དེ་གི་སྐབས་ལུ་ སྤྱི་ཟླ་༤ པ་༥ པ་༦ པ་དེ་ འདས་པའི་ལོ་༨ དང་ཕྱདཔ་ད་ དྲོད་ཤུགས་མཐོ་ཤོས་སྦེ་ཡོདཔ་ད་ འདི་དང་འདྲཝ་སྦེ་ སྤྱི་ལོ་༢༠༢༣ གྱི་ཟླ་༧ པ་༩ པ་༡༠པའི་ནང་ཡང་ དྲོད་ཤུགས་ཡར་སེང་སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཐོ་ཐོར་མི་ཁྱེགས་མཚོ་དེ་ ཕར་ཚུར་ཀི་ལོ་མི་ཊར་༤.༣༣ དང་ ཡར་མར་ཀི་ལོ་མི་ཊར་༡.༣ མཚོའི་ཁ་ལས་ཕར་འབད་བ་ཅིན་ ཀི་ལོ་མི་ཊར་གྲུ་བཞི་༤.༣༣ སྦེ་ ཡོདཔ་ཨིན་པས།
ཐོ་ཐོར་མི་ཁྱེགས་མཚོའི་ ཚད་གཞི་མར་ཕབ་འབད་ནིའི་ ལས་འགུལ་འགོ་དང་པ་དེ་ སྤྱི་ལོ་༢༠༠༩ དང་༢༠༡༢ ཚུན་ ལཱ་འབད་མི་༣༠༠གིས་ ཆུའི་ཚད་གཞི་མར་ཕབ་རྐྱབ་ཡོདཔ་ད་ ལས་འགུལ་དེ་གིས་ ཁྱེགས་མཚོ་ནང་ལས་ ཆུའི་ཚད་གཞི་མི་ཊར་༥ མར་ཕབ་འབད་ཡོདཔ་ད་ རབ་ཕྲེང་མཚོ་ནང་ ཆུའི་ཚད་གཞི་མར་ཕབ་འབད་ནི་དེ་ ལཱ་འཇམ་སུ་ཡོད་མི་དེ་ཡང་ སྤྱི་ལོ་༡༩༩༦ ལས་༡༩༩༨ ཚུན་ ལཱ་འབད་ཡོདཔ་ཨིན་པས།
ལཱ་འགོ་དང་པ་འབད་བའི་སྐབས་སུ་ ལས་འགུལ་ནང་ འཕྲུལ་ཆས་ཚུ་ ལག་ལེན་མ་འཐབ་པའི་ཁར་ དེ་གི་སྐབས་ལུ་ ཐོ་ཐོར་མི་ཁྱེགས་མཚོ་དེ་ མང་ཤོས་ར་ ཁྱེགས་ཀྱིས་སྤུབས་ཏེ་ ཡོདཔ་སྦེ་ཨིན་པས།
ལུང་ནག་ནང་ས་གནས་ཀྱི་ མི་སྡེ་གཉིས་ ཐང་བཟང་དང་བསྟན་སྤྱི་ སྤྱི་འོག་གཉིས་ ཐོ་ཐོར་མི་མཚོའི་འོག་ལུ་ གཞིས་ཆགས་ཡོདཔ་ལས་ མི་སྡེ་གཉིསཔོ་དེ་ ཉེན་སྲུང་ཅན་གྱི་ས་གནས་ དམ་ཐང་ཀ་དང་ སྦལ་ཟ་ སྒང་མཇུག་ དེ་ལས་ དུང་སྦིས་སྟེང་ཚུ་ནང་ གནས་སྤོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement