༉ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་གིས་ སྤྱི་ཟླ་༨ པའི་ཚེས་༡༠ ལུ་ ཐིམ་ཕུག་ བདེ་ཆེན་ཆོས་གླིང་ལུ་ ཆུ་རུད་ཐོན་མི་དེ་ གློག་ཆར་ལུ་བརྟེན་ བྱུང་ཡོདཔ་བཟུམ་ ངོས་འཛིན་འབད་ནུག།
དེ་བཟུམ་མའི་ གློག་ཆར་དེ་ སྤྱིར་བཏང་ གནམ་བྱཱར་དང་ སེར་ཁ་ལུ་ བྱུང་དོ་ཡོད་མི་དེ་ཡང་ རློན་གཤེར་དང་ གནམ་ཐོག་རྒྱུན་བརྟན་མེདཔ་ དེ་ལས་ རླུང་མ་ཡར་འཐུ་མི་ཚུ་ གཅིག་ཁར་སྦྱོར་མི་ལུ་བརྟེན་ཨིན་པས།
གློག་ཆར་འོང་ནི་ལུ་ ཁ་ཐོག་གི་ཟིལཔ་ ཌི་གི་རི་ ཕེ་རན་ཧེཊི་༥༥ དང་ བར་སྣང་རླུང་ཁམས་རྒྱུན་བརྟན་མེདཔ་ལ་སོགས་པའི་ གནས་སྟངས་ལེ་ཤ་ཅིག་ར་ ཚང་དགོཔ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༣ ལུ་ ས་གཏེར་དང་རྡོ་གཏེརལས་ཁུངས་དང་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བའི་ ཐབས་རིག་སྡེ་ཚན་ཅིག་གིས་ ཆུ་རུད་ཐོན་སའི་རྐ་ཚུ་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
དབྱེ་ཞིབ་སྡེ་ཚན་གྱིས་ ཆརཔ་ཤུགས་སྦེ་རྐྱབ་མི་གིས་ ས་དེ་ ཆུ་གིས་ཤུགས་སྦེ་ར་ སྦང་མི་ལུ་བརྟེན་ ཆུ་རུད་ཐོན་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ ཆུ་རུད་ཀྱིས་ རག་རོ་ཚུ་ འཕྱག་བདའ་མི་གིས་ ཆུ་འཛོམས་ས་ག་ར་ བསུབས་ཡོད་པའི་ཁར་ ལྷག་པར་དུ་ གནས་སྟངས་ཚུ་ སྐྱོ་དྲགས་བཟོ་ཡོདཔ་ཨིན་པས།
ཨིན་རུང་ ལྟེ་བ་དང་འཁྲིལ་བ་ཅིན་ ཆུ་རུད་ཀྱི་ སྦོམ་ཆུང་དེ་ ས་རུད་ལུ་བརྟེན་ གནས་སྐབས་ཀྱི་ཆུ་བཀག་བཟོ་མི་དང་ རག་རོ་ཚུ་གིས་ ཆུ་ཚུ་གཙང་ཆུ་ལུ་ འགྱོ་མི་དེ་ བསུབས་མི་ལུ་བརྟེན་ཨིན་པས།
ལྟེ་བ་གིས་ རོང་ཆུ་གི་ གཡན་ཁ་ཐུག་ལུ་ ཆུ་ཁག་༥ གཅིག་ཁར་འཛོམས་མི་ཅིག་དང་ གཡས་ཁ་ཐུག་ལུ་ ཆུ་ཁག་༢ བཟོ་མི་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོད་པའི་ཁར་ ཆུ་འཛོམས་ཁ་མང་ཤོས་ཅིག་ནང་ ཆུ་རུད་ཐོན་ཡོདཔ་སྦེ་ བརྡ་མཚོན་སྟོན་ཏེ་ ཡོདཔ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ ཆུ་རུད་དེ་ མཚོ་རྦེད་འོང་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ འཐོར་གཏམ་དར་ཁྱབ་སོང་སྟེ་ཡོད་རུང་ ལྟེ་བ་གིས་འབད་བ་ཅིན་ གནམ་ཁ་ལས་ལྟ་བའི་སྐབས་ ས་ཁོངས་ནང་ མཚོ་མེདཔ་སྦེ་ གཏན་འཁེལ་འབད་ནུག།
ཀི་ལོ་མི་ཊར་ཨིསི་ཀོ་ཡར་༡༧ ཁྱབ་མི་ ས་ཁོངས་ག་ར་ ནགས་ཚལ་སྟུག་དྲགས་ཡོདཔ་ཨིན་པས།
བདེ་ཆེན་ཆོས་གླིང་དེ་ བདེ་ཆེན་ཆོས་གླིང་ཆུ་གི་ ས་ཁོངས་ནང་ ཆགས་ཏེ་ཡོདཔ་བཞིན་དུ་ ལྟེ་བ་དང་འཁྲིལ་བ་ཅིན་ ཧེ་མ་ཡང་ ཆུ་རུད་ཐོན་ཡོདཔ་སྦེ་ཨིན་པས།
ལྟེ་བའི་མདོ་ཆེན་ ཀརྨ་སྒྲུབ་ཆུ་གིས་ མ་འོངས་པའི་ནང་ རོང་ཆུ་མཇུག་ལུ་ སྡོད་མི་ཚུ་ལུ་ ཉེན་བརྡ་མགྱོགས་དྲགས་སྦེ་ བྱིན་ཐབས་ལུ་ བདེ་ཆེན་ཆོས་གླིང་ ཆུ་གི་སྟོད་ཕྱོགས་ལུ་ ཉེན་བརྡ་ལམ་ལུགས་ཅིག་ བཙུགས་ནི་གི་སྐོར་ལས་ གསལ་བསྒྲགས་འབད་ཡི།
ལྟེ་བའི་མཁས་མཆོག་ སྟོདཔ་ཀརྨ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཆུ་རུད་ཐོན་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ཨིནམ་སྦེ་ཡང་ ཧ་གོ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞིས་ཆགས་མང་ཤོས་ཅིག་ ཆུ་གི་མཐའམ་བདའ་སྟེ་ཡོདཔ་ལས་ ཉེན་ཁ་སྦོམ་སྦེ་ཡོདཔ་ད་ གོང་འཕེལ་ལས་སྣ་ཚུ་ལུ་བརྟེན་ གཙང་ཆུའི་རྒྱུན་ཚུ་ལུ་ བར་ཆད་རྐྱབ་ནི་ མི་འོང་ཟེར་ཨིན་པས།
ད་རེས་ ཆུ་རུད་དུམ་གྲ་ཅིག་ ཐོན་པའི་ནམ་དུས་ལུ་ བཀག་ཐབས་འབད་ཚུགས་ནི་ཨིན་རུང་ གོང་འཕེལ་ལས་སྣ་ཚུ་ལུ་ ཚན་རིག་གཞི་བཞག་གཅིག་སྒྲིལ་གྱི་ བརྡ་དོན་ཚུ་ མཐུན་འགྱུར་འབད་དགོཔ་ད་ མ་འོངས་པ་ལུ་ དེ་བཟུམ་མའི་ ཆུ་རུད་བཀག་ཐབས་མར་ཕབ་འབད་ནི་ལུ་ ཚན་རིག་གནས་སྡུད་དེ་ ཧ་གོ་ནི་དང་ གྲ་སྒྲིག་འབད་ནི་ གལ་ཅན་ཅིག་ཨིན་ཟེར་ སྟོདཔ་ཀརྨ་གིས་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement