༉ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་ དེ་ལས་ སྐུ་འཁོར་ཚུ་གིས་ ཐིམ་ཕུག་ ལྕང་ཟམ་ཏོག་གི་ ལྕང་ཡུལ་གླིང་ག་ གསར་སྒྲུབ་འབད་མི་དེ་ སྒོ་འབྱེད་མཛད་གནང་ཡོདཔ་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་ནང་ བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ལོ་༢ ཀྱི་རིང་ གླིང་ག་བཟོ་སྐྲུན་ནང་ གྲལ་གཏོགས་འབད་མི་ བདེ་སྲུངཔ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

དེ་གི་ཤུལ་ལས་ དང་འདོད་ཅན་གྱི་ མི་སེར་ཚུ་གིས་ གླིང་ག་ནང་འོང་ཡོདཔ་བཞིན་དུ་ ཕྱི་རུ་ཁམས་ཅིག་ཁར་ སྤྲོ་སྟོན་གྱི་ལས་རིམ་ནང་ ཡོངས་གྲགས་ཅན་གྱི་ འབྲུག་པའི་ཞབས་ཁྲ་མཁནམ་དང་ བདེ་སྲུངཔ་རིག་རྩལ་ལས་རིམ་ཐོག་ལས་ སྦྱོང་བརྡར་འབད་མི་ཚུ་གིས་ཡང་ ཞབས་ཁྲའི་ལས་རིམ་སྟོན་ཡོདཔ་ཨིན་པས།
ཉིནམ་དང་པའི་ནང་ གླིང་ག་ནང་ མི་༡,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།

ལྕང་ཡུལ་གླིང་ག་དེ་ ཝང་ཆུ་མཐའམ་བདའ་སྟེ་ ས་ཆ་ཨེ་ཀར་༧ དེ་ཅིག་ནང་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ ཐིམ་ཕུག་གི་ མི་སེར་དང་ ཐིམ་ཕུག་ལུ་ ལྟ་སྐོར་ནང་འོང་མི་ཚུ་གི་དོན་ལུ་ གསོལ་རས་སྦེ་ གནང་ཡོདཔ་ཨིན་པས།
གླིང་ག་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥༠ བཏང་ཐོག་ལས་ བདེ་སྲུང་༣༠༠ དེ་ཅིག་གིས་ ཟླཝ་༡༨ ཀྱི་རིང་ལུ་ གླིང་ག་གོང་འཕེལ་གྱི་ ལཱ་ཚུ་འབད་ཡོདཔ་ཨིན་པས།

གཞིས་ཆས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ གླིང་ག་དེ་ སྤྱིར་བཏང་གི་ གླིང་ག་བཟུམ་མེནམ་ལས་ ག་ར་ འབྲུག་པའི་ཁྱད་ཆོས་ ལམ་སྲོལ་དང་ བཟོ་བཀོདཔ་ དེ་ལས་ ཁྲོམ་སྡེའི་ ངོ་རྟགས་ཚུ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ གཙང་སྦྲ་དང་ འཛིན་སྐྱོང་ལེགས་ཤོམ་འཐབ་ནི་ནང་ འགན་འཁྲི་འབག་སྟེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་ རེ་བ་བསྐྱེད་ཡོདཔ་ད་ ལས་ཁུངས་ཀྱིས་ ཐིམ་ཕུག་ཁྲོམ་སྡེ་དང་ ཁྲོམ་སྡེ་ཕྱི་ཁ་ སྤྲོ་གསེང་གི་ གླིང་ག་ལེ་ཤ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

གླིང་ག་ནང་འོང་མི་ བསོད་ནམས་བདེ་སྐྱིད་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་བཞག་ས་དེ་ མཛེས་ཆ་དང་ལྡནམ་སྦེ་ གླིང་ག་ལུ་ བསྒྱུར་བཅོས་འབད་ཡོདཔ་བཞིན་དུ་ དེ་ཡང་ མི་དབང་མཆོག་གིས་ ང་བཅས་རའི་ ཨ་ལུ་དང་ མི་སེར་ཚུ་ལུ་ གསོལ་རས་སྦོམ་ཅིག་ཨིན་མས་ཟེར་ཨིན་པས།
ཁྲོམ་སྡེ་ས་ཁོངས་ཚུ་ནང་ དེ་བཟུམ་མའི་ གླིང་ག་ཡོད་པ་ཅིན་ སྤྲོ་གསེང་དང་ རང་ལུགས་འབྲེལ་འཛིན་འབད་ནི་ལུ་ ས་གོ་ལེགས་ཤོམ་ཐོབ་ཚུགསཔ་མ་ཚད་ ལྟ་བཤལཔ་ཚུ་ལུ་ཡང་ སེམས་ཤུགས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།

གླིང་ག་གི་ བཟོ་བཀོདཔ་ཚུ་ཡང་ རང་ལུགས་བཟོ་བཀོད་དེ་ དེ་སང་སྔོ་ལྗང་གཞི་རྟེན་དང་ མཉམ་སྡེབ་འབད་དེ་ཡོདཔ་ད་ ལྕང་ཡུལ་གླིང་ག་ནང་ རང་ལུགས་ཀྱི་བཟོ་བཀོད་ རྡོ་གི་ས་མཚམས་རྩིགཔ་དང་ གཙང་ཆུ་མཐའམ་ དེ་ལས་ རང་ལུགས་ཀྱི་ སྒོ་ར་ཚུ་ དེང་སང་བཟོ་བཀོད་ཐོག་ལས་བཟོ་སྟེ་ མཛེས་ཆས་དང་ མཐའ་འཁོར་ཡུན་བརྟན་ དེ་ལས་ མི་སྡེ་ཀུན་ཚང་ས་གོ་ཚུ་ ཡོདཔ་ཨིན་པས།
ལྕང་ཡུལ་གླིང་གའི་ཁྱད་ཆོས་ གཙོ་བོ་ར་ རྩྭ་ཐང་དང་ གཙང་ཆུའི་མཐའམ་གི་འགྲེམ་སྟོན་ མི་སྡེ་ལྟེ་བ་ གཙང་ཆུ་གདོང་ཕྱོགས་ཀྱི་ མཐུན་རྐྱེན་ལ་སོགས་པ་ཚུ་ཡོདཔ་ཨིན་པས།

གླིང་གའི་བྱང་ཕྱོགས་དེ་ མཛར་ཅུམ་དང་ ལས་རིམ་ དེ་ལས་ ཕྱི་ཁའི་ལས་སྣ་ཚུ་གི་དོན་ལུ་ཨིནམ་བཞིན་དུ་ ག་ར་ དགོས་མཁོའི་ མཐུན་རྐྱེན་ཚུ་ བཙུགས་ཏེ་ཡོདཔ་ལས་ གཙང་ཆུའི་མཐའམ་གི་འགྲེམ་སྟོན་གྱིས་ གཙང་ཆུའི་མཐོང་སྣང་ཚུ་བལྟ་སྟེ་ བག་ལྷོད་ཏོག་ཏོ་སྦེ་ སྡོད་ནིའི་དོན་ལུ་ཨིན་པས།
གླིང་གའི་དབུས་ཕྱོགས་ནང་འབད་བ་ཅིན་ རང་སྤྱོད་ཟ་ཁང་དང་ ཕྱི་ཁའི་འཁོར་ཐོག་ སྤྲོ་སྟོན་ལས་རིམ་སྟོན་ས་ ས་འོག་གི་གསང་སྤྱོད་ མི་སྡེ་སྤུངས་འཛོམས་ དེ་ལས་ ལས་རིམ་བརྩིས་ཏེ་ མི་སྡེ་ལྟེ་བ་ཚུ་ ཡོདཔ་ཨིན་པས།

ཕྱི་ཁའི་ལུས་རྩལ་ནང་ ཨ་ལུ་ཚུ་གི་དོན་ལུ་ རང་བཞིན་གཞི་བཞག་གི་ རྩེདམོ་རྩེ་ས་དང་ གཞི་རྟེན་མཐུན་རྐྱེན་ བབ་ཤནམ་དང་ ཐགཔ་གི་ཟམ་ དེ་ལས་ མི་སྦོམ་ཚུ་གི་དོན་ལུ་ ལུས་རྩལ་གྱི་ མཐུན་རྐྱེན་ཚུ་ ཚུད་དེ་ཡོདཔ་ཨིན་པས།

གཙང་ཆུའི་གདོང་ཕྱོགས་ཀྱི་ མཐུན་རྐྱེན་ནང་ དལ་རྒྱུག་ཟམ་དང་ མཐོང་སྣང་ཆེ་བའི་ ཝང་ཆུ་གི་མཐོང་སྣང་ དེ་ལས་ ཤིང་ཆས་ཐབས་ལམ་ཐོག་ལས་ ལྡིང་ཆས་ཆང་ཁང་རྐྱབ་སྟེ་ཡོདཔ་ལས་ དེ་ནང་འོང་མི་ཚུ་ལུ་ དགའ་ཏོག་ཏོ་གི་ མཐོང་སྣང་ཅིག་སྦེ་ ཚོར་སྣང་བྱུང་དོ་ཡོདཔ་ཨིན་པས།
གླིང་ག་ནང་ ཡུན་བརྟན་གྱི་ ཐབས་ལམ་བཏོན་ཏེ་ ནུས་ཤུགས་ལྡན་པའི་ རང་བཞིན་གྱི་རྡོ་དང་ བཅོས་རིག་ཐོག་ལས་ ལགཔ་གིས་བཟོ་མི་ ཀཝ་ཚུ་གུ་ལུ་ བཏེགས་ཏེ་ཡོདཔ་ཨིན་པས།
ཀི་ལོ་མི་ཊར་འབད་མི་ དལ་རྒྱུག་ལམ་དང་ མི་ལམ་ དེ་ལས་ ཟམ་གྱི་མཐུན་རྐྱེན་ཚུ་ཡང་ ཡོདཔ་ཨིན་པས།

ལྕང་ཡུལ་གླིང་ག་དེ་ ཐིམ་ཕུག་གཞི་བཀོད་འཆར་གཞི་༢༠༢༣-༢༤ གི་ སྔོ་ལྗང་གཞི་རྟེན་དང་ ཕྱི་ཁ་ས་གོའི་འཆར་གཞི་ཨམ་དང་ རིམ་སྒྲིག་སྟེ་ཨིན་པས།
གླིང་ག་དེ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ མི་དབང་རྒྱལ་པོའི་དྲུང་ཆེན་ཡིག་ཚང་དང་ རྒྱལ་གཞུང་ཁྲོམ་སྡེ་གོང་འཕེལ་ལྷན་ཚོགས་ བདེ་སྲུང་ཡིག་ཚང་ ཐིམ་ཕུག་ཁྲོམ་སྡེ་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་དང་ ལྟ་བཤལཔ་ དེ་ལས་ ལྟ་སྐོར་ལུ་འོང་མི་ཚུ་གི་དོན་ལས་ བཟོ་བཀོད་དང་ ཁྲོམ་སྡེ་འཆར་གཞི་འགོ་དཔོན་ བཟོ་རིག་འགོ་དཔོན་ དེ་ལས་ ལས་བྱེདཔ་༡༣༠ གིས་ ཧེ་མ་ས་གོ་སྟོངམ་ཡོད་མི་དེ་ གཞི་སྒྱུར་འབད་དེ་ སྣ་མང་སྔོ་ལྗང་གི་ ས་གོ་ཅིག་བཟོ་ཡོདཔ་ཨིན་པས།

ལྕང་ཡུལ་གླིང་ག་གིས་ ཐིམ་ཕུག་ལུ་སྡོད་མི་ཚུ་གི་ མི་ཚེ་སྤུས་ལྡན་བཟོ་ནི་ལུ་ ལྷན་ཐབས་དང་ མ་འོངས་པ་ལུ་ རྒྱལ་ས་ལྟེ་བ་དེ་ སྔོ་ལྗང་རྩོལ་སྒྲུབ་བཟོ་ནི་གི་ མིག་དཔེ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ གླིང་ག་རྐྱབ་ནི་དེ་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement