༉ མེ་ག་ཝཱཊ་༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ གློག་མེ་ཐོན་སྐྱེད་འབད་མི་ འཕྲུལ་འཁོར་ཡུ་ནིཊ་༢ པོ་དེ་ མཐར་འཁྱོལ་ཅན་སྦེ་ བརྟག་དཔྱད་དང་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ ཟླཝ་༡ གི་ཤུལ་ལས་ གློག་མེ་ཁང་ལས་ ཆུ་འཛག་ཡོདཔ་སྦེ་ མཐོང་མི་ལུ་བརྟེན་ གནས་སྐབས་ཅིག་གི་རིང་ གློག་མེ་ཐོན་སྐྱེད་དང་ བརྟག་དཔྱད་འབད་ནིའི་ ལས་སྣ་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་གྱི་ ལཱ་གཙོ་ཅན་ ཞི་བའི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ ཆུ་རྫིང་ནང་ ཆུ་བཀང་ནི་དེ་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༢༡ ལས་ འགོ་བཙུགས་ཡོདཔ་མ་ཚད་ ཆུ་སྐྱེལ་འདྲེན་ལམ་ལུགས་ནང་ཡང་ ཆུ་བཀང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༥ ལུ་ གློག་མེ་ཐོན་སྐྱེད་འབད་མི་ འཕྲུལ་ཆས་ཡུ་ནིཊ་༢ དྲན་རྟགས་ཅན་གྱི་ བསྒྱིར་ནི་འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ འཁོར་འཕྲུལ་ལས་ ཆུ་ལེ་ཤ་འཛག་མི་ལུ་བརྟེན་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ གློག་མེ་ལས་འགུལ་གྱི་ ཁྲི་འཛིན་ཡིག་ཚང་གིས་ བཀོད་མིའི་ནང་ ཆུ་འཁོར་ལས་ ཆུ་འཛག་ཡོད་པའི་ སྙན་ཞུ་མེད་རུང་ གློག་མེ་ཁང་ལས་ ཆུ་འཛག་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཡུ་ནིཊ་དང་པ་༢ བརྟག་དཔྱད་འབད་ནི་དང་ ལྷག་ལུས་ཡུ་ནིཊ་ཚུ་ལུ་ འཕྲུལ་ཆས་བཙུགས་བསྒྲིག་འབད་ནི་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་འཛག་ཡོད་པའི་ གནད་དོན་དེ་ བཟོ་བཀོད་དང་ གྲོས་སྟོན་པ་ཚུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཆུ་ལྷན་ཚོགས་ལྟེ་བ་དང་ ཆུ་དང་གློག་མེ་གྲོས་སྟོན་ཞབས་ཏོག་གིས་ ཆུ་འཛག་མི་ རྒྱུན་སྐྱོན་འཐབ་ནིའི་དོན་ལུ་ དུས་ཐོག་གི་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ རྒྱབ་སྣོན་འབད་དེ་ ཡོད་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་ སྡེ་ཚན་གྱིས་ ཧེཌ་རེསི་ ཊ་ནཱལ་དང་ སར་ཤབཊ་ དེ་ལས་ པེ་རེ་ཤར་ཤཱཕཊི་ཚུ་ སྟོངམ་བཟོ་ནིའི་དོན་ལུ་ ཆུ་བཀག་རའི་ ཆུ་གི་ཚད་གཞི་དེ་ མར་ཕབ་འབད་ཡོདཔ་བཞིན་དུ་ ཟླཝ་༡ དེ་ཅིག་ འགོར་ནི་ཨིནམ་ད་ ད་རུང་ ལོག་ཆུ་བཀང་པའི་སྐབས་ ཟླཝ་༡ འགོར་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕཱལསི་ སི་ལིང་ཟེར་མི་ ཅ་ཆས་དེ་ བཙུག་སྒྲིག་འབད་བའི་ཤུལ་ལས་ འཕྲུལ་ཆས་གཞན་ཚུ་གི་ ལཱ་ཚུ་ འབད་ནི་ཨིནམ་ད་ དེ་གིས་ ཟླཝ་༣ དེ་ཅིག་ འགོར་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེ་ཐོན་སྐྱེན་འབད་ནི་ ལཱ་དེ་ ནམ་ལོག་འགོ་བཙུགས་ནི་ཨིན་ན་ ཉམས་བཅོས་ཐབས་ལམ་ཚུ་དང་ རག་ལས་ཟེར་ཨིན་པས།
ཡུན་བརྟན་གྱི་ ཐབས་ལམ་གྱི་དོན་ལས་ ཐབས་རིག་སྡེ་ཚན་གྱིས་ ཆུ་དེ་ ག་ཏེ་ལས་ འཛག་དོ་ག་ ཤེས་ནི་ལུ་ ཆུ་སྐྱེལ་འདྲེན་ལམ་ལུགས་དེ་ སྟོངམ་བཟོ་སྟེ་ དཀའ་ངལ་སེལ་ནིའི་དོན་ལུ་ འོས་འབབ་ལྡན་པའི་ ཐབས་ལམ་དང་ ཐབས་ཤེམས་ཚུ་ བཏོན་དགོཔ་ཨིན་པས།
ལས་འགུལ་གྱིས་ དཀའ་ངལ་སེལ་ནི་ལུ་ མདུན་སྐྱོད་ཀྱི་ཐབས་ལམ་ བཟོ་བཀོདཔ་དང་ ཁག་འབགཔ་ལ་སོགས་པ་ཚུ་དང་ གྲོས་སྟོན་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཆུ་འཛག་ཐོན་འབད་ནི་དེ་ གློག་མེ་ལས་འགུལ་ནང་ གནད་དོན་གསརཔ་ཅིག་མེནམ་ད་ དེ་ཡང་ དམིགས་བསལ་དུ་ འགོ་བཙུགས་པའི་སྐབས་ བྱུང་དོ་ཡོདཔ་ལས་ དུས་ཚོད་དང་བསྟུན་ཏེ་ གནད་དོན་དེ་ སེལ་ཐབས་འབད་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱིར་བཏང་ གློག་མེ་ཁང་དེ་ གཏན་འཇགས་ཐོག་ ཅ་ཆས་ཚུ་ལས་ གནས་སྡུད་བསྡུ་ལེན་འབད་དེ་ ལྟ་རྟོག་འབད་དོ་ཡོདཔ་ད་ གནས་སྡུད་དེ་ཡང་ ་ རྒྱལ་ཡོངས་རྡོ་དང་འཕྲུལ་ཆས་ དེ་ལས་ བཟོ་བཀོད་གཙུག་སྡེ་གིས་ ཚན་རིག་ཐོག་ དོན་འགྲེལ་འབད་དོ་ ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ གློག་མེ་ཁང་ལུ་ ཉེན་ཁ་ཡོད་པའི་ བརྡ་མཚོན་བཏོན་ཏེ་ མེད་ཟེར་ཨིན་པས།
གཞུང་གིས་ གློག་མེ་དེ་ གང་མགྱོགས་སྦེ་ ཐོན་སྐྱེད་འབད་དགོཔ་སྦེ་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ཟེར་ དྲི་དཔྱད་འབད་བའི་སྐབས་ འགོ་དཔོན་ཚུ་གིས་ གཞུང་གི་ཁ་ཐུག་ལས་ དུས་ཚོད་ཀྱི་ ཨུ་ཚུགས་བསྐྱེད་དེ་མེད་པའི་ དོགས་སེལ་འབད་བའི་ཁར་ ལཱ་གི་སྤུས་ཚད་ནང་འབད་རུང་ ཐོ་མ་ཕོག་པར་ ཡོད་ཟེར་ཨིན་པས།
ཨིན་རུང་ ཆུ་འཛག་པའི་གནད་དོན་ལུ་བརྟེན་ གློག་མེ་ཐོན་སྐྱེད་འབད་ནི་དེ་ བསྣར་འགྱངས་ཡར་སོ་ཡི་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement