༉ གལ་སྲིད་ འབྲུག་ལུ་ སྲིད་དོན་གྱི་གྲལ་གཏོགས་དེ་ ཚོགས་པའི་འཐུས་ཚུ་ལུ་བརྟེན་ཏེ་ཨིན་པ་ཅིན་ དུས་ཚོད་ཀྱི་ གནད་དོན་ཅིག་ ངེས་བདེན་ཨིན་པས།
གནད་དོན་དེའི་སྐོར་ལས་ འཐུས་མི་ཚུ་གིས་ བཤད་ནི་ཡོདཔ་ཨིན་པས།
མི་སེར་དམངས་གཙོའི་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ཡོད་རུང་ བཙག་འཐུ་ཐེངས་༤ པ་ མཇུག་བསྡུ་བའི་ཤུལ་ལས་ ཚོགས་པའི་འཐུས་མི་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ཨིན་པས།
ཧེ་མ་ མི་སེར་དམངས་གཙོའི་ཚོགས་པའི་ནང་ ཐོ་བཀོད་ཅན་གྱི་འཐུས་མི་༦,༦༠༡ ཡོད་མི་ལས་ སྤྱི་ཟླ་༩ པའི་ཚེས་༢༠ ནང་འཁོད་ལུ་ འཐུས་མི་༢༦༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་༥ ཡོད་པའི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཐོ་བཀོད་ཅན་གྱི་ འཐུས་མི་༡༧ ལས་བརྒལ་མེད་མི་དེ་ དམའ་ཤོས་ཅིག་ཨིནམ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལུ་ འཐུས་མི་༤༩༧ འབྲུག་མཐུན་འབྲེལ་ཚོགས་པ་ལུ་ འཐུས་མི་༨༣༨ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ འཐུས་མི་༡,༢༢༥ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་གིས་ འཐུས་མི་ཚུ་ བསྐྱར་གསོ་འབད་བའི་བསྒང་ཡོདཔ་ད་ ཨིན་རུང་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གནད་དོན་ཅིག་ལུ་བརྟེན་ འཐུས་མི་༣༠༠ དེ་ཅིག་ བསྐྱར་གསོ་འབད་མི་ཚུགས་ནི་བཟུམ་ཡོད་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པའི་ འཐུས་མི་ཚུ་གིས་ ལོ་བསྟར་བཞིན་དུ་ བསྐྱར་གསོ་འབད་བ་ཅིན་ འཐུས་མི་ཚུ་གི་ གྱངས་ཁ་དེ་ བསྒྱུར་བཅོས་འགྱོ་འོང་ཟེར་ཨིན་པས།
འབྲུག་གི་སྲིད་དོན་ཚོགས་པའི་བཅའ་ཡིག་༢༠༡༥ ཅན་མའི་ དོན་ཚན་༥.༡ དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པའི་ཐོ་བཀོད་གྲུབ་མི་འཐུས་མི་ཅིག་གིས་ ཚོགས་པའི་ནང་ལས་ ཚོགས་པའི་ཡིག་ཚང་ལུ་ ཡིག་ཐོག་གི་ བརྡ་འཕྲིན་སྤེལ་ཏེ་ ཁོ་རའི་འཐུས་མི་ འགན་དབང་ཕྱིར་བཏོན་འབད་ཆོག་ཟེར་ཨིན་པས།
སྤྱི་ཚོགས་༤ པའི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་༡,༨༣༢ དང་ མི་སེར་དམངས་གཙོའི་ཚོགས་པའི་འཐུས་མི་༦,༣༣༦ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་༡,༧༡༠ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལས་ འཐུས་མི་༢,༠༡༡ དེ་ལས་ འབྲུག་མཐུན་འབྲེལ་ཚོགས་པ་ལས་ འཐུས་མི་༤,༦༡༢ དེ་ཅིག་གིས་ འཐུས་མི་འགན་དབང་ཕྱིར་བཏོན་ འབད་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པའི་ འཐུན་མི་འགན་དབང་ལས་ ཕྱིར་བཏོན་འབད་མི་ལས་ སྤྱི་ལོ་༢༠༠༨ ལུ་ དམས་གཙོའི་རིང་ལུགས་ གཞི་བཙུགས་འབད་མི་ལས་ཚུར་ སྡོད་ཡོདཔ་ཨིན་པས།
འཐུས་མི་ཚུ་ འཐུས་མི་འགན་དབང་ལས་ ཕྱིར་བཏོན་འབད་མི་ གཙོ་བོ་ར་ ངོ་རྐྱང་ཚུ་ལུ་ ལཱ་གཡོག་ ཡང་ཅིན་ ས་གནས་གཞུང་གི་ བཙག་འཐུ་ནི་ དོ་འགྲན་འབད་རུང་ སྲིད་དོན་གྱི་ འཐུས་མི་ལས་ དགོངས་ཞུ་ ལོ་༡ གི་ དུས་ཡུན་ བཞག་དགོཔ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བཙག་འཐུ་མེད་པའི་སྐབས་ འཐུས་མི་མང་ཤོས་ཅིག་གིས་ འཐུས་མི་གི་ འགན་དབང་ལས་ ཕྱིར་བཏོན་འབད་ནི་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
སྲིད་དོན་ཚོགས་པའི་ འཐུས་མི་ལ་ལོ་ཅིག་གིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ ས་གནས་གཞུང་གི་ བཙག་འཐུ་ནི་ དོ་འགྲན་འབད་ནིའི་དོན་ལས་ ཕྱིར་བཏོན་འབདཝ་མས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ གི་ ས་གནས་གཞུང་གི་བཙག་འཐུ་ནང་ དང་འདོད་ཅན་གྱི་ འཐུས་མི་མང་ཤོས་ཅིག་གིས་ ཁོང་རའི་མིང་ཐོ་དེ་ སྲིད་དོན་ཚོགས་པའི་ནང་ཡོདཔ་ལས་ དོ་འགྲན་འབད་ནིའི་ གོ་སྐབས་མ་འཐོབ་ཨིན་པས།
འཐུས་མི་ལ་ལོ་ཅིག་དང་འཁྲིལ་བ་ཅིན་ འཐུས་མི་གི་ འགན་དབང་ལས་ ཕྱིར་བཏོན་འབད་མི་དེ་ཡང་ ལཱ་གཡོག་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ཨིན་མི་དེ་ཡང་ ལཱ་གཡོག་གི་ གནས་སྟངས་ནང་ སྲིད་དོན་དང་ གྲལ་གཏོགས་མེདཔ་སྦེ་ དགོས་མཁོ་ཡོད་མི་ལུ་བརྟེན་ཨིན་པས།
བཙག་འཐུའི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ འཐུས་མི་གི་ འཐུས་བྱིན་དགོ་མ་དེ་གིས་ སྲིད་དོན་ཚོགས་པའི་ འཐུས་མི་ཚུ་ ཕྱིར་བཏོན་འབདཝ་མས་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཡུན་བརྟན་གྱི་གདོང་ལེན།
ད་རེས་ནངས་པ་ སྤྱི་ཚོགས་ཕྱི་ཁར་ལུ་ཡོད་པའི་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་དྲུང་ཆེན་ཡིག་ཚང་ ལག་ལེན་འཐབ་ནི་དང་ རྒྱུན་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ཐོ་བཀོད་ཅན་གྱི་ སྲིད་དོན་ཚོགས་པ་ ག་ར་གིས་ ཡོངས་ཁྱབ་དྲུང་ཆེན་ཅིག་བརྩིས་ཏེ་ གཙོ་འཛིན་དང་ བདག་སྐྱོང་འགོ་དཔོན་ཚུ་དང་གཅིག་ཁར་ ཡིག་ཚང་ཅིག་ རྒྱུན་སྐྱོང་འཐབ་དགོཔ་སྦེ་ཨིན་པས།
ཨིན་རུང་ སྤྱི་ཚོགས་ནང་མིན་པའི་ སྲིད་དོན་ཚོགས་པ་གིས་ ཡིག་ཚང་རྒྱན་སྐྱོང་འཐབ་ནི་ལུ་ འཐུས་མི་ཚུ་གི་ འཐུས་རྐྱངམ་གཅིག་ལུ་ རེག་སྡོད་དགོཔ་ལས་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་ ཕྱི་ཁར་ཡོད་མི་ སྲིད་དོན་ཚོགས་པ་ཚུ་ ཁོང་རའི་ དྲུང་ཆེན་ཡིག་ཚང་དེ་ རྒྱུན་སྐྱོང་འཐབ་དགོཔ་ལས་ ལཱ་ཁག་བཏང་དོ་ཡོདཔ་བཞིན་དུ་ ཚོགས་པ་ཚུ་གིས་ ཁས་བླངས་ཐོག་ལས་ ཞལ་འདེབས་དང་ འཐུས་མི་ཚུ་གི་ འཐུས་ལུ་བརྟེན་ སྡོད་དོ་ཡོད་མི་ལུ་བརྟེན་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ལུ་ ཡོངས་ཁྱབ་དྲུང་ཆེན་དང་ བདག་སྐྱོང་འགོ་དཔོན་རེ་ ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འོགམ་ དྲགོས་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པ་དེ་ཡང་ ཁས་བླངས་ཐོག་ལས་ མ་དངུལ་རྒྱབ་སྐྱོར་གནང་མི་དང་ འཐུས་མི་ཚུ་གི་ འཐུས་ཚུ་ལས་ རྒྱུན་སྐྱོང་འཐབ་དོ་ཟེར་ཨིན་པས།
འབྲུག་མཐུན་འབྲེལ་ཚོགས་པའི་གཙོ་འཛིན་ བཅོ་ལྔ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པ་དེ་ ཁས་བླངས་ཀྱི་ མ་དངུལ་ཐོག་ལས་ གཙོ་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་གྱིས་ ལག་ལེན་འཐབ་དོ་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ ཚོགས་པ་དེ་ བཙག་འཐུ་ལས་གྲུབ་པའི་ འཐུས་མི་༡༧ གྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ འཐུས་མི་རེ་གིས་ ཁོང་རའི་ ཟླ་རིམ་གྱི་ དངུལ་ཕོག་ལས་ བརྒྱ་ཆ་༡༠ ཚོགས་པ་ལུ་ བྱིན་དོ་ཡོདཔ་ཨིན་པས།
ཚོགས་པའི་ནང་ ཡོངས་ཁྱབ་དྲུང་ཆེན་དང་ བདག་སྐྱོང་འགོ་དཔོན་རེ་ ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཀུན་དགའ་བཀྲིས་ཀྱིས་ སླབ་མིའི་ནང་ ཚོགས་པ་དེ་ འཐུས་མི་དང་ རྒྱབ་སྐྱོར་པ་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ བཙག་འཐུ་ལས་ གྲུབ་པའི་འཐུས་མི་ལས་ རྒྱབ་སྐྱོར་འབད་དེ་ མེད་ཟེར་ཨིན་པས།
ཚོགས་པ་དེ་ ཡོངས་ཁྱབ་དྲུང་ཆེན་དང་ བདག་སྐྱོང་འགོ་དཔོན་གྱིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
དྲུང་ཆེན་ཡིག་ཚང་ རྒྱུན་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ སྲིད་དོན་ཚོགས་པ་གིས་ གཞུང་ལུ་ ཁང་གླ་དང་ ལས་བྱེད་པའི་ ཟླ་རིམ་དངུལ་ཕོགས་བརྩིས་ཏེ་ ཡིག་ཚང་གི་ཟད་འགྲོ་གི་ རྒྱབ་སྐྱོར་གནང་དགོ་པའི་ ཞུ་བ་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement