༉ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ འོས་ལྡན་ཐོན་ཁུངས་ཚུ་ལས་ ཇིའོ་ཐར་མཱལ་ནུས་ཤུགས་ ཐོན་སྐྱེད་འབད་ནིའི་དོན་ལུ་ གོ་སྐབས་གསར་འཚོལ་འབད་དོ་ཡོདཔ་ཨིན་པས།
ཇིའོ་ཐར་མཱལ་ནུས་ཤུགས་དེ་གིས་ བཙོག་རླུང་མར་ཕབ་རྐྱབ་སྟེ་ ཡུན་བརྟན་གློག་ཤུགས་དང་ ལོ་འཁོར་གློག་ཤུགས་ཐོན་སྐྱེད་འབད་ནིའི་ དམིགས་བསལ་གོ་སྐབས་ བྱིན་དོ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་གིས་ གློག་ཤུགས་ཀྱི་ དགོས་མཁོའི་དོན་ལུ་ ཆུར་བརྟེན་གློག་མེ་ལུ་ ཤུགས་སྦེ་ར་ བརྟེན་སྡོད་དོ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ལས་ གདམ་ཁ་གཞན་ ཉི་དྲོད་གློག་ཤུགས་ལུ་ཡང་ བརྟེན་ནི་འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཁབ་གྱི་ སླར་འབྱུང་ནུས་ཤུགས་ སྣ་ཁག་བཟོ་ནིའི་དོན་ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ལྷན་ཐབས་ཐོན་ཁུངས་བཟུམ་ཅིག་སྦེ་ ཇིའོ་ཐར་མཱལ་ནུས་ཤུགས་ ཐོན་སྐྱེད་འབད་ནིའི་ འོས་འབབ་ལྟ་དོ་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་འོག་ལུ་ མ་རྩ་གཞི་བཙུགས་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལོ་འཁོར་བཞིན་དུ་ ཇིའོ་ཐར་མཱལ་ནུས་ཤུགས་ རྒྱུན་བརྟན་སྦེ་ ཐོན་སྐྱེད་འབད་ཚུགས་པ་ཅིན་ འབྲུག་གི་ ནུས་ཤུགས་ཉེན་སྲུང་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
གལ་སྲིད་ འོས་འབབ་བརྟག་ཞིབ་ནང་ གྲུབ་འབྲས་ལེགས་ཐོན་འབྱུང་པ་ཅིན་ དམིགས་བསལ་དུ་ ཆུའི་ཚད་གཞི་ མར་འབབ་འགྱོ་བའི་དུས་སྐབས་ལུ་ ཆུར་བརྟེན་གློག་ཤུགས་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་ཚུགས་ནི་ཨིན་པའི་ཁར་ གློག་ཤུགས་ནང་འདྲེན་ མར་ཕབ་རྐྱབ་ནི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ འགོ་དཔོན་དེ་གིས་ སླབ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ཇིའོ་ཐར་མཱལ་ནུས་ཤུགས་ཀྱི་ གསར་འཚོལ་འབད་ནིའི་དོན་ལུ་ ཚ་ཆུ་༡༠དེ་ཅིག་ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ མགར་ས་ཚ་ཆུ་དང་ དགེ་ལེགས་ཕུག་ཚ་ཆུ་ རྐོ་མ་ཆ་ཚུ་ ཆུ་སྦུག་ཚ་ཆུ་ འདུན་མང་ཚ་ཆུ་ དུར་ཚ་ཆུ་(བུམ་ཐང་) གེ་ཟ་ཚ་ཆུ་(མགར་ས་) པ་སངས་ལུངམ་ཚ་ཆུ་(ལྷུན་རྩེ་) ཡོན་ཏན་ཀུན་བྱུང་ཚ་ཆུ་(ལྷུན་རྩེ་) དེ་ལས་ འདུན་མང་ཚ་ཆུ་(གཞལམ་སྒང་)ཚུ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ འཛམ་གླིང་དངུལ་ཁང་གི་ ནུས་ཤུགས་ལས་ཚན་འཛིན་སྐྱོང་ཞིབ་་རོགས་ལས་རིམ་དང་ ཨ་ཡེསི་ལེན་ཌིག་ ཇིའོ་སར་བེ་(ཨའེ་ཨེསི་ཨོ་ཨར་)དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཇིའོ་ཐར་མཱལ་ནུས་ཤུགས་ཀྱི་ ཐོན་ཁུངས་ཚུ་བཟོ་ནི་དང་ བརྟག་ཞིབ་འབད་ནི་ཨིན་པས།
མཉམ་འབྲེལ་དམིགས་ཡུལ་དེ་ཡང་ འབྲུག་གི་ ཇིའོ་ཐར་མཱལ་འོས་འབབ་ཀྱི་ སྔོན་འགྲོའི་བརྟག་ཞིབ་འགོ་འདྲེན་འཐབ་ནི་དང་ གོང་འཕེལ་དོན་ལུ་ རྒྱབ་སྣོན་ངོ་སྦྱོར་འབད་ནི་ ཤེས་ཡོན་བརྗེ་སོར་དང་ལྕོགས་གྲུབ་གོང་འཕེལ་ནང་ ལྷན་ཐབས་འབད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འཛམ་གླིང་དངུལ་ཁང་དང་ ཨའེ་ཨེསི་ཨོ་ཨར་ལས་ ཇིའོ་ཐར་མཱལ་མཁས་མཆོག་༢ ཀྱིས་ ས་ཁོངས་བརྟག་ཞིབ་དང་ དཔེ་ཚད་བསྡུ་ལེན་འབད་ནིའི་དོན་ལུ་ མགར་ས་དང་ དགེ་ལེགས་ཕུག་ཚ་ཆུ་ལུ་ ལྟ་སྐོར་འབད་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement