༉ འབྲུག་པའི་ཕུཊ་བཱོལ་རྩེད་མི་ བུམོ་གི་སྡེ་ཚན་གྱིས་ སྤྱི་ལོ་༢༠༢༤ ཟླ་༡༠ པའི་ཚེས་༢༧ ལུ་ ནེ་པཱལ་ལུ་ རྩེད་འགྲན་འབད་ནི་ཨིན་མི་ མཐའ་བཅད་འོག་མའི་ནང་ བང་ལ་དེཤ་གི་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
དུས་ཅི་འབདཝ་ད་ ལྷོ་ཨེ་ཤི་ཡའི་ཨམ་སྲུ་གི་ཕུཊ་བཱོལ་རྩེད་འགྲན་ནང་ མཐའ་བཅད་འོག་མ་ཚར་༢ རྩེད་ནི་ཨིན་མི་དེ་ཡང་ སྤྱི་ལོ་༢༠༢༢ ལུ་ཡང་ བང་ལ་དེཤ་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ གཱོལ་༨-༠ སྦེ་ ཕམ་ཡོདཔ་ཨིན་པས།
འདི་ཚེ་ར་ རྒྱལ་རྟགས་ཐེངས་༥ ཐོབ་མི་ རྒྱ་གར་གྱི་སྡེ་ཚན་དང་ ནེ་པཱལ་གྱི་སྡེ་ཚན་གཉིས་ཀྱི་བར་ན་ མཐའ་བཅད་འོག་མ་གཉིས་པ་ རྩེད་འགྲན་འབད་ནི་ཨིན་པས།
མཐའ་བཅད་འོག་མའི་ རྩེད་འགྲན་གཉིས་ཆ་ར་ དོ་འགྲན་ཅན་ཅིག་འོང་ནི་ཨིནམ་ད་ དེ་ཡང་ སྡེ་ཚན་༤ པོ་ཆ་ར་གིས་ ལིག་སྐོར་ཐེངས་ཀྱི་སྐབས་ལུ་ རྩེད་འགྲན་ཚུ་ ལེགས་ཤོམ་འབད་མི་ལུ་བརྟེན་ཨིན་པས།
འབྲུག་པའི་སྡེ་ཚན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ མཱལ་དིབསི་གི་སྡེ་ཚན་དང་ རྩེད་འགྲན་འབདཝ་ད་ གཱོལ་༡༣-༠ སྦེ་རྒྱལ་ཁ་ཐོབ་ཡོདཔ་ད་ འདི་བཟུམ་གྱི་ རྒྱལ་ཁ་ཐོབ་མི་དེ་ འབྲུག་པའི་སྡེ་ཚན་གྱིས་ ད་ཚུན་ལུ་ གྲུབ་འབྲས་མཐར་འཁྱོལ་སྦོམ་བྱུང་ཡོད་པའི་ ངོས་འཛིན་ཅིག་ཨིན་པས།
རྩེད་འགྲན་གྱི་སྐབས་ལུ་ བུམོ་ཚུ་གིས་ རིག་རྩལ་དང་ ཐབས་རིག་ཚུ་ ལེགས་ཤོམ་བཏོན་ཚུགས་ཏེ་ བར་མཚམས་ཀྱི་ཧེ་མར་ གཱོལ་༦-༠ བཙུགས་ཡོདཔ་ད་ བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ གཱོལ་༧ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
གདོང་ཕྱོགས་ཀྱི་རྩེད་འགྲན་འབད་མི་ བདེ་སྐྱིད་ལྷ་འཛོམས་ཀྱིས་ གཱོལ་༥ བཙུགས་ཡོདཔ་ད་ དེ་གི་ཆ་རོགས་སྦེ་ པདྨ་ཆོས་སྒྲོན་དང་ ཚེ་རིང་དབྱངས་འཛོམས་གཉིས་ཀྱིས་ གཱོལ་གཉིས་རེ་བཙུགས་པའི་ཁར་ གཞན་ཡང་ བསོད་ནམས་ཆོས་སྒྲོན་དང་ རྣམ་རྒྱལ་སྒྲོལ་མ་ བདེ་སྐྱིད་གཡང་སྒྲོན་ དེ་ལས་ ཚེ་རིང་ལྷ་སྒྲོན་ཚུ་གིས་ གཱོལ་རེ་བཙུགས་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཁར་ བདེ་སྐྱིད་ལྷ་འཛོམས་ཀྱིས་ རྩེད་འགྲན་པ་དྲག་ཤོས་ཐེངས་གཉིས་པའི་ གསོལ་རས་ཚུ་ཐོབ་ཡོདཔ་ད་ མོ་གིས་ ཤྲི་ལངྐ་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ཡང་ རྩེད་འགྲན་པ་དྲག་ཤོས་ཀྱི་ གསོལ་རས་ཐོབ་ཡོདཔ་བཞིན་དུ་ ཡོངས་བསྡོམས་ལུ་ མོ་གིས་ ནེ་པཱལ་གྱི་རུ་པི་༥༠,༠༠༠ ཐོབ་ཡོདཔ་ཨིན་པས།
ཀུན་གསལ་ལུ་ བདེ་སྐྱིད་ལྷ་འཛོམས་ཀྱིས་ བཤད་མིའི་ནང་ འདི་བཟུམ་གྱི་རིག་རྩལ་བཏོན་ཚུགས་མི་དེ་ སློབ་སྟོན་པའི་བསླབ་བྱ་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ད་རུང་ བང་ལ་དེཤ་དང་གཅིག་ཁར་ རྩེད་འགྲན་འབད་དགོཔ་ལས་ བྱང་ཕྱད་སྒྲིང་སྒྲི་ཡོད་ནི་དེ་གིས་ རྩ་འགེངས་དགོ་ཟེར་ཨིནམ་ད་ མ་གཞི་ རྩེད་འགྲན་དེ་ དོ་འགྲན་ཅན་ཅིག་འོང་ནི་ཨིན་རུང་ ལྕོགས་གྲུབ་བཏོན་དགོཔ་ཡང་ ཁག་ཆེ་ཟེར་ཨིན་པས།
འགྲན་བསྡུར་ནང་ལས་ མོ་གིས་ རྩེད་འགྲན་པ་དྲག་ཤོས་ཚར་གཉིས་ཐོབ་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ འདི་ཚུ་ གལ་སྲིད་ ང་ལུ་རྒྱབ་སྐྱོར་འབད་མི་ཆ་རོགས་སྡེ་ཚན་ཚུ་ མེདཔ་འདྲཝ་འབད་བ་ཅིན་ རང་རྐྱང་གིས་ ལྕོགས་གྲབ་བཏོན་ཚུགས་ནི་ལུ་ ལཱ་ཁག་ཡོད་ཟེར་ཨིནམ་ལས་ སྡེ་ཚན་ཆ་རོགས་དང་ སློབ་སྟོན་པ་ག་ར་ལུ་ དགའ་ཚོར་སྦོམ་ར་ཡོད་ཟེར་ཨིན་པས།
དེ་ལས་མོ་གིས་ འབྲུག་མི་ག་ར་གིས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ ལིག་རྩེད་འགྲན་གྱི་སྐབས་ལུ་ འབྲུག་པའི་སྡེ་ཚན་གྱིས་ སྐུགས་༧ ཐོབ་སྟེ་ མཐའ་བཅད་ཆུང་བའི་ནང་ བཅག་འཐུ་གྲུབ་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ ནེ་པཱལ་སྡེ་ཚན་དང་གཅིག་ཁར་ གཱོལ་༠-༠ སྦེ་འདྲན་འདྲ་སོང་ཡོདཔ་ད་ ཤྲི་ལངྐ་དང་གཅིག་ཁར་༤-༡ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement