༉ འབྲུག་རྒྱལ་ཡོངས་ཕུཏ་བཱོལ་སྡེ་ཚན་གྱི་ ལས་རོགས་སློབ་སྟོན་པ་ ངག་དབང་འཇམ་དཔལ་གྱིས་ ད་རེས་འཕྲལ་ཁམས་ཅིག་ཁར་ རྒྱ་གར་ན་གཞོན་གོང་འཕེལ་ མི་ནར་བ་ཨེ་ཀ་ཌ་མི་ཕུཏ་བཱོལ་ཀ་ལབ་ནང་ སློབ་སྟོན་པ་གོངམ་གི་དོན་ལུ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
མི་ནར་བ་ཨེ་ཀ་ཌ་མི་ཕུཏ་བཱོལ་ཀ་ལབ་དེ་ པཱན་ཇབ་ལུ་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ པེ་རི་མི་ཡར་ཀ་ལབ་ཀྱི་གྲངས་སུ་ ཨིནམ་བཞིན་དུ་ དེ་ཁར་ རྩེད་འགྲན་པ་༢༠༠ དང་ སློབ་སྟོན་པ་༦༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ལས་འགན་གསར་པའི་ནང་ ངག་དབང་གིས་ ཕུཏ་བཱོལ་སྦྱོང་བརྡར་ནང་ལྟ་རྟོག་འབད་ནི་དང་ ལམ་སྟོན་འབད་ནི་ སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ ཉིན་བསྟར་གྱི་གྲུབ་འབྲས་ཚུ་ འབྲེལ་གཏུགས་འབད་ནི་ དེ་ལས་ ཀ་ལབ་གཞན་མི་ཚུ་ནང་ ལཱ་ཚུ་འབད་ནི་ཨིན་པས།
ཁོ་གི་ ལཱ་འགན་གྱི་དུས་ཡུན་དེ་ ལོ་ཕྱེད་དང་༢ ཀྱི་རིང་ལུ་ ཡོདཔ་ཨིན་པས།
ངག་དབང་དེ་ ཨེ་ཤི་ཡེན་ཕུཏ་བཱོལ་ཚོགས་སྡེའི་ ཌིབ་ལོ་མ་ཆོག་ཐམ་འཆང་མི་གཞོན་ཤོས་ཅིག་ཨིནམ་ད་ ཨེ་ཤི་ཡའི་གྲངས་སུ་ལུ་ རྒྱལ་ཡོངས་ཀྱི་སློབ་སྟོན་པ་ གཞོན་ཤོས་ཅིག་ཡང་ཨིན་པས།
ཁོ་གི་ ལས་འགན་དེ་ མི་ནར་བ་ལུ་འཐོབ་མི་དེ་གིས་ འབྲུག་པའི་ན་གཞོན་ཚུ་ལུ་ སྤྲོ་བ་ཐེབས་བསྐྱེད་ཚུགས་ཡོདཔ་ད་ དམིགས་བསལ་གྱི་ ན་གཞོན་དང་ ཀ་ལབ་ཀྱི་བདོག་གཏད་བཟུམ་ཅིག་ཨིན་ཟེར་ཨིན་པས།
ཁོ་གི་ མཐར་འཁྱོལ་ཅན་གྱི་གྲུབ་འབྲས་ ཀ་ལབ་ནང་སློབ་སྟོན་པ་གསརཔ་སྦེ་འཐོབ་མི་དེ་ རྒྱ་གར་གྱི་ སྐྱེས་ལོ་༡༧ འོག་རྒྱུའི་ པཱན་ཇབ་རྩེད་འགྲན་ནང་ཨིནམ་ད་ ཁོ་གི་སྡེ་ཚན་གྱིས་ དྲག་ཤོས་སྦེ་ཐོན་ཡོདཔ་ཨིན་པས།
ཁོ་ར་ ལོ་ན་གཞོནམ་ སྐྱེས་ལོ་༣༢ སྦེ་སྡོད་པའི་བསྒང་ལས་ར་ ངག་དབང་འཇམ་དཔལ་ལུ་ དགོས་མཁོའི་ཉམས་མྱོང་ཚུ་ ཚུད་ཡོདཔ་ཨིན་པས།
ཁོ་གིས་ རྫོང་ཁག་ཚུ་ནང་ སློབ་སྟོན་པ་སྦེ་ སྤྱི་ལོ་༢༠༡༤ ལས་༢༠༡༨ ཚུན་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ ཁོ་ར་སྐྱེས་ལོ་༢༠ མན་ཆད་ཀྱི་ སློབ་སྟོན་པ་གོངམ་ཨིནམ་ད་ གཞན་དང་གཞན་ཡང་ ཁོ་གིས་ ཐིམ་ཕུག་ཁྲོམ་སྡེའི་སྡེ་ཚན་དང་ ཊནསི་པོརཊ་ཡུ་ནའེ་ཊེཌ་ འབྲུག་ཨིས་ཊར་ དེ་ལས་ ཆོས་སྒྲོན་ཀ་ལབ་ཀྱི་ སློབ་སྟོན་པ་གོངམ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ཁོ་ར་ སྐྱེས་ལོ་༡༨ མན་ཆད་ཀྱི་ རྩེད་འགྲན་པ་ཨིནམ་ད་ དེ་ཡང་ གཟིམ་སྒྲ་ཨེཕ་སི་དང་ ཨོ་རྒྱན་ཨེ་ཀ་ཌ་མི་ དེ་ལས་ འབྲུག་ཡུ་ནའེ་ཊེཌ་ཚུ་ནང་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ངག་དབང་འཇམ་དཔལ་གྱིས་ བཤད་མིའི་ནང་ རྒྱ་གར་ལུ་ ལཱ་འབད་ནི་དེ་ དུམ་གྲ་ཅིག་ མ་འདྲཝ་འདུག་ཟེར་ཨིནམ་ད་ རྩེད་འགྲན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་དེ་ དོ་འགྲན་ཅན་ཅིག་ཨིནམ་བཞིན་དུ་ རྩེདམོ་རྩེ་མི་ཚུ་ཡང་ ཕུཏ་བཱོལ་རྩེ་ནི་ལུ་ དང་འདོད་ཡོད་པའི་གུ་ རིག་རྩལ་གསརཔ་ལྷབ་ནི་ལུ་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ རྒྱ་གར་ལུ་ རྩེད་འགྲན་ཚུ་ ལེ་ཤ་ཅིག་ར་འགོ་འདྲེན་འཐབ་དོ་ཡོདཔ་ལས་ རྩེདམོ་རྩེ་མི་དང་ སློབ་སྟོན་འབད་མི་གཉིས་ཆ་ར་ ལོ་གཅིག་གི་རིང་ དལཝ་སྡོད་ནི་ མིན་འདུག་ཟེར་ཨིན་པས།
ངག་དབང་གིས་ འབྲུག་ཕུཏ་བཱོལ་ཚོགས་སྡེ་ལུ་ ཁོ་ར་ མི་ནར་བ་ཨེ་ཀ་ཌ་མི་ཕུཏ་བཱོལ་ཀ་ལབ་ནང་ འཛུལ་ནི་ལུ་ གྲོགས་རམ་འབད་ཡོདཔ་ལས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཁོ་གིས་ ཀ་ལབ་གསརཔ་ནང་ལས་ ཉམས་མྱོང་དང་ སྤྲོ་བ་ཅན་བཟོ་ནི་ལུ་ ཡོན་ཏན་ཐེབས་ཐོབ་ཅི་ཟེར་ཨིནམ་ད་ ཁོ་གིས་ ཀ་ལབ་ནང་ ཧིང་དྭངས་མའི་དཀྱིལ་ལས་ར་ རྩ་འགེངས་ཏེ་ གྲོགས་རམ་གང་དྲག་འབད་ནི་ཨིན་ཟེར་ཨིན་པས།
ཉིནམ་ཅིག་གི་ཚེ་ ང་ར་འབྲུག་ལུ་འོང་ཞིནམ་ལས་ ཕུཏ་བཱོལ་གོང་འཕེལ་གྱི་དོན་ལུ་ གྲོགས་རམ་འབད་ནི་ཨིན་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་ར་ མ་འོངས་པའི་ནང་ ཀ་ལབ་སྦོམ་ཚུ་ནང་ འབྲེལ་གཏོགས་འབད་ཚུགས་ཐབས་ལུ་ ལཱ་རྩ་འགེངས་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།