༉ ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ལུ་ དང་འདོད་བསྐྱེད་བཅུག་ནི་དང་ འབྲི་ལྷག་ཤེས་ཡོན་ལྷབ་སྦྱང་གི་ ལྷན་ཐབས་ལུ་དམིགས་ཏེ་ འབྲིང་རིམ་སློབ་གྲྭ་གོང་མ་དང་ འབྲིང་རིམ་སློབ་གྲྭ་བར་མ་བསྡོམས་༤༩༧ ལུ་ སྤྱི་ཟླ་༧ པའི་ཚེས་༦ ལས་འགོ་བཙུགས་ བདུན་རིམ་བཞིན་དུ་ རྫོང་ཁ་PDFའདྲ་རེ་ རིན་མེད་སྟོང་པར་ བཀྲམ་སྤེལ་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ ལས་ཁུངས་ཀྱི་ མ་དངུལ་གྲོགས་རམ་ཐོག་ལས་ རྫོང་ཁ་ཀུན་གསལ་གྱི་ ཚོས་གཞི་ལྡན་པའི་ ཤོག་ལེབ་༡ ནང་ སློབ་ཕྲུག་ཚུ་གི་ ཤེས་ཡོན་རྒྱ་སྐྱེད་འབད་ནི་ལུ་ཕན་པའི་ ཆོས་དང་ལམ་སྲོལ་ སྐད་ཡིག་དང་རིག་གཞུང་ལ་སོགས་པའི་ ནང་དོན་ཁག་ཆེ་ཏོག་ཏོ་ཚུ་ རྩོམ་འབྲི་འབད་ཞིནམ་ལས་ བཀོད་ནི་ཨིན། སློབ་གྲྭའི་དབང་འཛིན་ཚུ་ལུ་ ཁོང་རའི་ ཡོངས་འབྲེལ་འཆར་སྒོ་ཐོག་ལས་ རྫོང་ཁ་PDFའདྲ་རེ་ བསྐྱལ་གཏང་ནི་ཨིནམ་ལས་ དབང་འཛིན་ཚུ་གིས་འབད་རུང་ སློབ་ཕྲུག་ཚུ་གི་ འབྲི་ལྷག་ཤེས་ཡོན་ཡར་དྲག་གཏང་ནི་ལུ་ གཙོ་བོར་བཟུང་སྟེ་ འདྲ་པར་བཏབ་ཞིནམ་ལས་ སློབ་གྲྭའི་དཔེ་མཛོད་ཁང་ནང་ བཞག་དགོཔ་མ་ཚད་ སློབ་ཕྲུག་ཚུ་གིས་འབད་རུང་ སྣང་མེད་སྐྱུར་མ་བཞག་པར་ གོ་སྐབས་བཟང་པོ་འདི་ ལེན་དགོཔ་ཁག་ཆེ་ཟེར་ ཞུ་ནི་ཨིན།

Advertisement