༉ གསར་སྤང་རྫོང་ཁག་ སེང་གེ་རྒེད་འོག་ ལབ་རྩ་ཁ་གཡུས་ཚན་ལས་ སོ་ནམ་པ་སྐྱེས་ལོ་༤༠ ལང་མི་ ཀི་ཤོར་བཱ་ཏ་རའེ་གིས་ ཁོ་རའི་ཁྱིམ་ཚང་ཚུ་དང་གཅིག་ཁར་ ཉིན་བསྟར་བཞིན་དུ་ གླངམོ་ཆེ་གིས་ མེདཔ་བཏང་མི་ ལྕགས་སྐུད་དྲ་མིག་གི་ར་བ་ཚུ་ བཅོ་ཁ་རྐྱབ་པར་ འགྱོ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ལོ་ཐོག་གི་འུར་བྱེལ་ལང་པའི་ དུས་ཚོད་ཅིག་འབད་ནི་དེ་གིས་ རྒེད་འོག་གི་སོ་ནམ་པ་ཚུ་ ལཱ་བཙར་མ་ཚུགས་པའི་ཁར་ ཚ་གྱང་ལང་དོ་ཡོདཔ་ད་ གལ་སྲིད་ གླངམོ་ཆེ་གིས་ ལྕགས་སྐུད་ར་བ་ཚུ་ མེདཔ་བཏངམ་འདྲཝ་འབད་བ་ཅིན་ རི་ཕག་ཚུ་གིས་ ཆུ་གཡུར་བདའ་སྟེ་འོང་ཞིནམ་ལས་ ལོ་ཐོག་ནང་འཛུལ་ནི་ལུ་ འཇམ་ཏོང་ཏོ་ཡོདཔ་ཨིན་པས།
ལྕགས་སྐུད་དྲ་མིག་གི་ ར་བ་རྐྱབ་སྟེ་ ལོ་ལང་པའི་ཤུལ་ལུ་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ རི་དྭགས་སེམས་ཅན་དང་ མིའི་བྲེལ་ཟིང་དེ་ རྨི་ལམ་བཟུམ་ཅིག་སྦེ་ ལུས་ནི་མས་ཟེར་ཨིནམ་ད་ ལྕགས་སྐུད་ར་བ་དེ་ ས་ཆ་ཨེ་ཀར་༧༠༠ དེ་ཅིག་ནང་རྐྱབ་མི་གིས་ སྤྱི་འོག་གཉིས་ཀྱི་ཁྱིམ་གུང་༦༠ དེ་ཅིག་ལུ་ ཁེ་ཕན་འབྱུང་དོ་ཡོདཔ་བཞིན་དུ་ གཡུས་སྒོའི་ནང་ རི་དྭགས་སེམས་ཅན་གྱི་ གདོང་ལེན་ལུ་བརྟེན་ གཡུས་མི་ལ་ལོ་ཅིག་ ལཱ་འབད་ནི་ལས་ བཤོལ་བཞག་ཡོདཔ་ཨིན་པས།
རྒེད་འོག་ནང་ ཆུ་ཞིང་དེ་ ཐོན་སྐྱེད་རྒྱ་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ ལོ་རེ་ནང་ ཆུམ་མེ་ཊིག་ཊོན་༡༢ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ ད་རེས་ནངས་པར་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ལུ་བརྟེན་ ཆུམ་མེ་ཊིག་ཊོན་༧ དེ་རེ་ལས་བརྒལ་ ཐོན་སྐྱེད་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཆུ་ཞིང་ཡོད་མི་ག་ར་ ལཱ་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ ཞིང་སྤང་ལུས་མི་ཚུ་ཡང་ ལཱ་འབད་ནི་གི་ འཆར་གཞི་ཡོད་ཟེར་ ཀི་ཤོར་བ་ཏ་རའེ་གིས་ བཤད་པའི་ཁར་ ལ་ལོ་ཅིག་གིས་ ཞིང་ཚུ་བཀོག་བཞག་ཡོདཔ་ད་ ལ་ལོ་ཅིག་ སང་ཕོད་ལས་ ལཱ་མི་འབད་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ གལ་སྲིད་ གནས་སྟངས་དེ་ ལེགས་བཅོས་མ་འགྱོ་བ་ཅིན་ཟེར་ སླབ་དོ་ཡོདཔ་ཨིན་པས།
གླངམོ་ཆེ་དང་ རི་ཕག་བསྡོམས་ཏེ་ ངང་ལག་ཤིང་ གེ་ཟ་ རྡོག་མ་ཤིང་ གེ་ཤིང་ཀེ་བ་ལ་སོགས་པ་ཚུ་ མེདཔ་བཏང་དོ་ཡོདཔ་ད་ གླངམོ་ཆེ་གིས་ གཡུས་སྒོའི་ནང་ སྡོད་ཁྱིམ་ཚུ་ཡང་ མེདཔ་བཏང་པའི་ཁར་ སོ་ནམ་པ་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོདཔ་སྦེ་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༥༤ ལང་མི་ རྔ་རྒྱལ་བསྟན་འཛིན་གྱིས་ བཤད་མིའི་ནང་ རི་ཕག་ཚུ་གིས་ འགོ་ཐོག་ར་ ངང་ལག་ཤིང་ཚུ་ མེདཔ་བཏང་པའི་ཁར་ ད་རེས་ནངས་པར་ འབད་བའི་བསྒང་ལས་ རྡོག་མ་ཤིང་ཚུ་ལུ་ཡང་ གནོདཔ་བཀལཝ་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ རི་དྭགས་སེམས་ཅན་ སྲུང་སྐྱོབ་འབད་ནི་གི་ ཐབས་བྱུངས་བཏོན་མི་ལུ་ རི་དྭགས་སེམས་ཅན་ཚུ་ ཧེང་སྐལ་ར་ ཁོང་ཁྲོ་ལངམ་མས་ཟེར་ཨིན་པས།
ང་བཅས་ཀྱིས་ ལཱ་རྩ་འགེངས་འབད་ནི་ལུ་ སེམས་ཤུགས་མེདཔ་འགྱོཝ་མས་ཟེར་ ལཱལ་བྷ་དུར་གུ་རུང་གིས་ བཤད་པའི་ཁར་ ཁོ་གིས་ ད་རེས་འཕྲལ་ཁམས་ཅིག་ཁར་ ངང་ལག་ཤིང་དང་ གེ་ཤིང་ཀེ་བ་ཚུ་ གླངམོ་ཆེ་གིས་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement